ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་ཚིགས་ཀྱི(ཨ་རབ་ཡི་གེའི་དཔར་མ)འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སོ་ཏི་ཨ་རབ་ཏུ་འཚོགས་པ།
ཟླ་11ཚེས་30ཉིན། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་ཚིགས་ཀྱི(ཨ་རབ་ཡི་གེའི་དཔར་མ)འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་འཚོགས་ཤིང་། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ལས་རིགས་ཁག་གི་ཚོགས་ཞུགས་མི་སྣ་བཅུ་ཕྲག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་དང་། “རྒྱུད་གཅིག་ལམ་གཅིག”གི་ཆ་འཕྲིན་འབྲེལ་ཟམ་འཛུགས་པ་སོགས་ཐད་སྤེལ་རེས་བྱས་པ་རེད།
སོ་ཏི་ཨ་རབ་ཀྱི་ཇུས་འདོན་ཚོགས་པའི་ཚན་ཞིབ་དང་ཤེས་བྱ་སྤེལ་རེས་ལྟེ་གནས་ཀྱི་མཐོ་རིམ་བློ་འདྲི་བ་ཨ་ལི·ཧྲ་ཡས་གཏམ་བཤད་སྤེལ་སྐབས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་འཛམ་གླིང་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་གོ་སྐབས་མཉམ་སྤྱོད་བྱས་ཤིང་། གྲོས་འགོ་བཏོན་ནས་ལོ་བཅུ་སོང་རིང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ལག་རྩལ་ཡར་ཐོན། དེ་བཞིན་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ཐོབ་པའི་གྲུབ་འབྲས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”དྲ་ཚིགས་ཀྱིས(ཨ་རབ་ཡི་གེའི་དཔར་མ)“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཨ་ཀྲུང་དང་སོ་ཀྲུང་མཉམ་ལས་འཕེལ་རྒྱས་ལ་དེ་བས་སྤུས་ལེགས་ཀྱི་སྤེལ་རེས་དང་འགྲེམས་སྟོན་ལས་སྟེགས་མཁོ་འདོན་བྱས་ཡོད།
ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་ཚིགས་ནི་ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་ཁང་དང་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། “རྒྱུད་གཅིག་ལམ་གཅིག”གི་ཆ་འཕྲིན་དབང་གྲགས་ལྡན་པའི་ངང་ཁྱབ་བསྒྲགས་བྱེད་སའི་གཞུང་ཕྱོགས་ལས་སྟེགས་ཤིག་རེད། དྲ་ཚིགས་དེ་2017ལོའི་ཟླ་3པར་དངོས་སུ་སྤྱོད་འགོ་ཚུགས་པའི་ནང་ཀྲུང་གོ་དང་། དབྱིན་ཇི། ཨུ་རུ་སུ། ཧྥ་རན་སེ། ཨ་རབ། སི་ཕེན་བཅས་ཡིག་རིགས་དྲུག་གི་དཔར་མ་ཡོད་ལ། གོ་ལ་ཧྲིལ་པོའི་ས་ཁུལ་མང་ཆེ་བར་ཁྱབ་ཡོད།
ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་ཚིགས(ཨ་རབ་ཡི་གེའི་དཔར་མ)ནང་གལ་ཆེའི་གསར་འགྱུར་དང་། དཔལ་འབྱོར་ཚོང་དོན། མི་ཆོས་རིག་གནས། ཁེ་ལས། རིགས་གཅིག་མཁས་ཅན་གྱི་ལྟ་བ་སོགས་ཀྱི་ལེ་ཚན་བཙུགས་ཏེ། ཡིག་རིས་དང་བརྙན་ལམ་སོགས་ཀྱི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་སྲིད་ཇུས་འགྲེལ་བཤད་དང་། དཔལ་འབྱོར་ཚོང་དོན་ཆ་འཕྲིན། མ་འཇོག་ལམ་སྟོན། གྲངས་གཞི་གསར་ཤོས། ཞིབ་འཇུག་འབྲས་བུ་སོགས་ཁྱབ་བསྒྲགས་བྱས་ཏེ་ལྟ་མཁན་ཚོར་འབྲེལ་ཡོད་ཆ་འཕྲིན་ཐོབ་པར་སྟབས་བདེ་བསྐྲུན་ཡོད།