བྱམས་སེམས་ལྡན་ལ་བློ་གཤོག་ཡངས། ཉེན་ཁའི་ཕྱོགས་སུ་དཔུང་སྐྱོད་བྱས།
—— རྒྱལ་ཡོངས་ཀྱི“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”བསྟན་པ་ཆོས་འཕེལ་གྱི་སྐོར་བཀོད་པ།
བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5200ཟིན་པ་དང་མཁའ་རླུང་འདུས་ཚད་མཚོ་ངོས་ཀྱི་50%ཡང་ཟིན་གྱི་མེད་ལ་རླུང་གནོན་ཐང་གཤོངས་ཁུལ་གྱི་ཕྱེད་ཀ་ལས་མེད། ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་2.8ལ་སླེབས་ཀྱི་ཡོད། དེ་གར་ནི་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ། གོར་ལྷ་སྣུམ་འདྲེན་མདོང་ལམ། ལན་ཀྲོའུ་ནས་ཟི་ལིང་དང་ལྷ་ས་བཅས་བར་གྱི་འོད་སྐུད། མཚོ་བོད་གློག་ཤུགས་ཀྱི་གློག་སྐུད་ས་ཁོངས་ནང་ཁྱབ་ཡོད་ལ་རྒྱལ་ལམ་109ནས་བོད་ལ་འཛུལ་བའི་ས་ཚིགས་དང་པོ་དེ་ཡིན་པས་བོད་ཀྱི“བྱང་སྒོ་ཆེན་པོ”ཞེས་འབོད་ཀྱི་ཡོད།
དེ་གར“འཕྲལ་སྡོམ་པ”ཁྱུ་གཅིག་ཡོད་ལ་ཁོང་ཚོས་རྟག་ཏུ་གངས་སྐྱོན་དང་། བུ་ཡུག་འཚུབ་པ། ས་ཡོམ་སོགས་རང་བྱུང་གནོད་འཚེ་དང་འཐབ་རྩོད་བྱེད་པ་དང་དེ་ནི་ཉེན་ཁར་ཕྱོགས་ནས་ཚེ་སྲོག་སྐྱོབ་པའི་ལག་ལེན་པ་དང་། ཁོང་ཚོས་དུས་ཚོད་དམ་འཛིན་གྱིས་འཕྲལ་སྡོམ་ཐོལ་བྱུང་དོན་འཁྱོལ་ཐག་གཅོད་བྱེད་ཀྱི་ཡོད་པས་དུས་ཚོད་དང་འགྲན་པའི་ལྡོག་སྐྱོད་པ་བྱེད་པ་དང་། ཁོང་ཚོས་རྐང་ཐང་མར་སྤྱི་ལེ་ངོས་གྲུ་ཁྲི་10ཙམ་གྱི་ས་ཆར་བསྐྱོད་པ་དང་བོད་ཀྱི“བྱང་སྒོ་ཆེན་པོ”སྲུང་མཁན་བྱེད་བཞིན་ཡོད།
ཁ་བ་བུ་ཡུག་ལ་མི་འཛེམས་པར་གསར་འགོད་པས་རྒྱལ་ཡོངས་ཀྱི“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”ཨ་མདོ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་བསྟན་པ་ཆོས་འཕེལ་ལ་བཅར་འདྲི་ཞུ་སྐབས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་རབ་ཏུ་འཚེར་བའི་འོད་ཟེར་ལྟ་བུའི་ཁོང་གི་སྙིང་སྟོབས་ལས་སེམས་འགུལ་ཆེན་པོ་ཐེབས།
འཕྲལ་སྡོམ་དོ་དམ་ལས་དོན་གྱི“གསལ་ཤེས་པ”བྱེད་པ།
འཕྲལ་སྡོམ་དོ་དམ་ལས་ཀའི་ཁུལ་མང་ལ་གཞི་ཁྱོན་ཆེ་བ་དང་ལྟ་འདོམས་ཁྱབ་ཁོངས་ཆེ་བའི་དངོས་ཡོད་ཀྱི་དཀའ་ངལ་མདུན་དུ་བསྟན་པ་ཆོས་འཕེལ་གྱིས་རྟག་ཏུ་རིགས་ཁག་གི་ཆེད་ལས་དཔེ་དེབ་དང་བཅའ་ཁྲིམས་ཀློག་དེབ་ལྟ་ཀློག་དང་ཟིན་བྲིས་བཀོད་དེ་འཕྲལ་སྡོམ་དོ་དམ་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཟམ་མི་ཆད་པར་གསོག་འཇོག་བྱེད་ཀྱི་ཡོད།
བསྟན་པ་ཆོས་འཕེལ་གྱིས་རྟག་ཏུ་ངལ་གསོའི་དུས་ཚོད་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་ཀྱི་ཡོད། ཁོང་གིས་ཨ་མདོ་རྫོང་གི་ཤང་དང་གྲོང་རྡལ་དང་། གྲོང་ཚོ(སྡེ་ཁུལ)གཙོ་གནད་ས་ཁོངས་བཅས་ཚང་མར་བསྐྱོད་པ་དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ལ་བཅར་འདྲི་བྱས་ནས། རྫོང་ཡོངས་ཀྱི་ཆུ་བོ་དང་ས་གཤིས་སོགས་ཀྱི་གནོད་འཚེ་ཕོག་སླ་བའི་ཁུལ་དུ་གྲལ་བཤེར་བྱས་ཡོད། “གཅིག་ནས་འཕྲལ་སྡོམ་དོ་དམ་ལས་དོན་གྱི‘སེམས་བཟང་བ’བྱེད་དགོས་ལ་གཉིས་ནས་ཆེད་ལས་ཤེས་བྱས་དྲག་ཆས་སྤྲས་པའི‘གསལ་ཤེས་པ’ཡང་བྱེད་དགོས”ཞེས་པ་དེ་ནི་བསྟན་པ་ཆོས་འཕེལ་གྱིས་རང་ཉིད་ལ་བཟོས་པའི་དམིགས་ཚད་རེད།
“2019ལོར་རང་ཉིད་དེ་གར་སླེབས་མ་ཐག་རྒྱུན་གཏན་གྱི་ཞིབ་བཤེར་ལས་དོན་ཁྲོད་ནས་ཅུང་ཡོངས་ཁྱབ་ཀྱི་མངོན་མེད་རྐྱེན་ངན་ཞིག་ཤེས་རྟོགས་བྱུང་བ་སྟེ། སྒེར་གཉེར་སྣུམ་སྣོན་ས་ཚིགས་མང་པོར་སྣུམ་སྣོན་པ་ཡང་ཡང་བརྗེ་བའི་རྐྱེན་གྱིས་ལག་ཁྱེར་མེད་པར་ལས་གནས་ཐོག་སྐྱོད་པའི་གནས་ཚུལ་ཡོངས་ཁྱབ་ཏུ་ཡོད་པ་དེ་ལས་བདེ་འཇགས་ཀྱི་ལས་འཛོལ་ཧ་ཅང་ཐོན་སླ་པོ་ཡོད”ཅེས་བསྟན་པ་ཆོས་འཕེལ་གྱིས་བཤད་པ་དང་། ཁོང་གིས“གྲལ་བཤེར་བྱས་པ་བརྒྱུད་ང་ཚོས་བཀོལ་སྤྱོད་ལག་ཁྱེར་རག་མེད་པའི་སྣུམ་སྣོན་པར་ལས་ཀ་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་དང་ཁེ་ལས་ཀྱི་འགན་འཁུར་བར་སྣུམ་སྣོན་ས་ཚིགས་གཉེར་སྐྱོང་བྱེད་པའི་འབྲེལ་ཡོད་བླང་བྱ་འགྲེལ་བཤད་བརྒྱབ་པ་དང་དུས་མཚུངས། ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་མཐའ་གཅིག་ཏུ་བསལ་ཡོད། ད་ཆ་ཨ་མདོ་རྫོང་གི་སྣུམ་སྣོན་ས་ཚིགས་ཚང་མའི་ལས་དོན་པས་ལས་གནས་ཐོག་མ་སྐྱོད་གོང་གི་ཆེད་ལས་གསོ་སྦྱོང་དང་། བདེ་འཇགས་སློབ་གསོ་གསོ་སྦྱོང་། དངོས་སྦྱོང་གི་དུས་མཚམས་བཅས་བརྒྱུད་དགོས་པ་དང་ཆེད་ལས་བཀོལ་སྤྱོད་ཀྱི་ཐོབ་ཐང་ལག་ཁྱེར་རག་རྗེས་གཞི་ནས་ལས་ཀ་བྱེད་ཆོག་གི་ཡོད”ཅེས་བཤད།
“བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་དག་ཚང་མ་དོན་ཆུང་མིན་པས་ཧ་རི་ཧུ་རི་གཏན་ནས་བྱེད་མི་རུང”སྣུམ་སྣོན་ས་ཚིགས་ཀྱི་འགན་འཁུར་བས་སྟེས་དབང་གི་བསམ་པ་བཅངས་པར་བསྟན་པ་ཆོས་འཕེལ་གྱིས་ཁ་རྡུང་ནན་པོ་བཏང་བ་དང་འབྲེལ། ས་ཆ་དེ་རང་དུ་ལྟ་སྐུལ་དག་ཐེར་བྱས་པ་དང་སྣུམ་སྣོན་ས་ཚིགས་ཀྱི་འགན་འཁུར་བར་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་སྟེ་བདེ་འཇགས་ཀྱི་གནད་དོན་ཡིན་ཕྱིན་ཚང་མ་དོན་ཆེན་ཡིན་པར་ངོས་འཛིན་བྱེད་དུ་བཅུག་ཡོད།
“ཁྲིམས་སྒྱུར་བ་ཞིག་ཡིན་པའི་ངོས་ནས་གཞུང་དྲང་ཁྲིམས་སྒྱུར་བྱེད་པ་ལས་གཞན་ལ་ཕོག་ཐུག་ཐེབས་དོགས་ཀྱིས་བརྐྱང་སྐུམ་དང་ངོ་སོ་གཏན་ནས་སྟོན་མི་རུང”ཞེས་ཤོད་བཞིན་དུ་བསྟན་པ་ཆོས་འཕེལ་གྱིས་སྔ་ཕྱི་བར་གསུམ་དུ་རང་ཉིད་ཀྱི་རྩ་དོན་བརྟན་པོར་སྲུང་བཞིན་ཡོད།
ལོ་གསུམ་ཙམ་གྱི་རིང་ཁོང་གིས་རུ་སྣེ་ཁྲིད་དེ་ཁྱབ་ཁོངས་ཁག་ལ་ཐེངས་མང་བསྐྱོད་ནས་ཆེད་དོན་བཅོས་སྒྲིག་བྱས་པར་ཁྱོན་སྤྱིར་བཏང་གི་མངོན་མེད་རྐྱེན་ངན་ཁག་2776ལ་གྲལ་བཤེར་བྱས་པར་དག་ཐེར་ཁག་2543བྱས་པ་དང་། འགན་འཁྲིའི་གསལ་ཐོ་ཁག་2བཟོས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་གཅིག་བསལ་བ་དང་ལམ་ལུགས་ཀྱི་གྲུབ་འབྲས་ཁག་གཅིག་གྲུབ་པ། ལས་འཛོལ་ཐོན་འབོར་དང་ལས་འཛོལ་ཅུང་ཆེ་བ་ཐོན་ཚད་རྒྱུན་མཐུད་ངང་ཆག་པ། ལས་འཛོལ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་ནུས་ལྡན་ཐུབ་པ། རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་ཧྲིལ་པོ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།
འཕྲལ་སྡོམ་དོ་དམ་ལས་དོན་གྱི“འགན་འཁུར་བ”བྱེད་པ།
ད་ཕན་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དང་ཡུལ་སྐོར་ལས་རིགས་ཉིན་བཞིན་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་འགྲོ་བ་དང་སྦྲགས། བོད་ཀྱི་སྐམ་ལམ་འགྲིམ་འགྲུལ་གྱི་གཙོ་གནད་ཡིན་པའི་རྒྱལ་ལམ་109ལམ་ཐིག་གིས་བོད་དུ་དངོས་རྫས་70%ནང་འདྲེན་དང་མི་30%སྐྱེལ་འདྲེན་བྱེད་པའི་ལས་འགན་འཁུར་བ་དེ་ལས་ཨ་མདོ་རྫོང་གི་འཕྲལ་སྡོམ་དོ་དམ་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་རེད།
2018ལོར་སྒེར་འཁོར་བཏང་ནས་བོད་དུ་ཡུལ་སྐོར་ལ་ཡོང་བའི་བཟའ་ཚོ་གཉིས་རྒྱལ་ལམ་109བརྒྱུད་བོད་ནས་དོན་སྐབས་རླངས་འཁོར་གྱི་སྣུམ་ཟད་ནས་རྒྱལ་ལམ་109གདང་ལ་རི་བོའི་དུམ་བུར་ལུས་རྐྱེན་ཡུལ་དེའི་འབྲོག་པའི་རླངས་འཁོར་ནང་བསྡད་དེ་རྫོང་གྲོང་གི་སྣུམ་སྣོན་ས་ཚིགས་སུ་བསྐྱོད་ནས་སྣུམ་སིལ་མ་ཉོ་རྩིས་བྱས་མོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྣུམ་སྣོན་ས་ཚིགས་དེས་སྣུམ་བཙོངས་མེད་པ་དང་བཟའ་ཚོ་གཉིས་པོར་བསྟན་པ་ཆོས་འཕེལ་གྱི་ཁ་པར་ཨང་གྲངས་སྤྲད།
ཡུལ་སྐོར་བ་དེ་གཉིས་ཀྱི་གནས་ཚུལ་ཤེས་རྗེས་བསྟན་པ་ཆོས་འཕེལ་གྱིས་འཕྲལ་མར་ཁོང་གཉོས་པོས་སྣུམ་སིལ་མ་ཉོ་ཆོག་པའི་འབྲེལ་ཡོད་དཔང་རྟགས་བྲིས་པ་དང་འཕྲལ་མ་ཉིད་དུ་སྣུམ་སྣོན་ས་ཚིགས་སུ་ཡོང་ནས་ལྕགས་ཀྲིན་ནང་སྣུམ་བླུགས། ལམ་བར་དུ་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ་བྱ་ཆེད་ཁོང་གིས་ད་དུང་སྣུམ་དང་ཡུལ་སྐོར་བ་གཉིས་པོ་སྤྱི་ལེ་60ཡི་སར་ལུས་པའི་རླངས་འཁོར་ཡོད་སར་བསྐྱལ།
དོན་ཆུང་ལས་ལྷག་བསམ་ཟོལ་མེད་དང་དོན་ཆེན་ལས་འགན་འཁྲི་འཁུར་སེམས་མངོན་པ།
2022ལོའི་ཟླ་5ཚེས་26ཉིན། ཨ་མདོ་རྫོང་དུ་ས་ཡོམ་རིམ་པ་4.8བརྒྱབ་པ་དང་གཏོར་སྐྱོན་ཤུགས་ཆེན་པོ་དེ་ཙམ་ཐེབས་མེད་མོད། འོན་ཀྱང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ཆེད་ས་ཡོམ་བརྒྱབ་རྗེས་བསྟན་པ་ཆོས་འཕེལ་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་མཐའ་འཁོར་གྱི་གྲོང་ཚོ་དང་གྲོང་ལྷན་8ལ་བཅར་འདྲི་བྱས་པ་དང་ལམ་ཐག་སྤྱི་ལེ་400ཙམ་བརྒྱུད་ནས་འབྲོག་དུད་46ཏུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། ས་ཡོམ་གྱི་གནོད་འཚེ་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་ཡང་བྱས་པ་རེད།
ལོ་མང་རིང་དེ་ལྟ་བུའི་ཉེན་ཁ་ཆེ་བའི་ལས་ཀའི་ཁོར་ཡུག་ཁྲོད་བསྟན་པ་ཆོས་འཕེལ་གྱིས“བྱེ་རླུང་ཇི་ཙམ་ཆེ་ན་སྤྱོད་ཚུལ་དེ་ཙམ་ནན་པ་དང་ས་བབ་ཇི་ཙམ་མཐོ་ན་བླང་བྱ་དེ་བས་མཐོ་བའི”ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དཔའ་ངར་ཆེན་པོས་འཐབ་ཕྱོགས་དང་པོར་འབད་འཐབ་དང་། ཉེན་སེལ་རོགས་སྐྱོབ་ལ་བཀོད་འདོམས་ཧུར་ཐག གནོད་འཚེ་ཕོག་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར། ཉེན་སེལ་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱེད་དོན་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་ཆེད་རེད།
འཕྲལ་སྡོམ་དོ་དམ་ལས་དོན་གྱི“ལག་རྩལ་པ”བྱེད་པ།
རྒྱལ་ལམ་109ཡི་ལམ་ཐིག་ནི་མཐོ་གྲང་གསོ་རླུང་དཀོན་པ་དང་གང་སར་འཁྱགས་པས་བསྡམས་པ་ཞིག་ཡིན་ཞིང་། དེའི་ནང་གདང་ལའི་ལམ་དུམ་ལ“ཁ་བ་བུ་ཡུག་གི་བང་མཛོད”ཅེས་འབོད་ཀྱི་ཡོད་ལ། སེར་བ་དང་། ཁ་བ། ལྷགས་པ་བཅས་ནི་དུས་ཚིགས་བཞི་ཀར་མཐོང་རྒྱུ་ཡོད་པ་དང་། ལོའི་ཆ་སྙོམས་གངས་འབབ་ཚད་ཉིན་190ཡན་ཟིན་པ། རིམ་པ་7ཡན་གྱི་ལྷགས་པ་ཆེན་པོ་ལྡང་ཚད་ལོར་ཆ་སྙོམས་ཉིན་200ལྷག་ཙམ་ཟིན་པ་བཅས་རེད། དམིགས་བསལ་གྱི་ཁོར་ཡུག་དེ་ལས་ཨ་མདོའི“འཕྲལ་སྡོམ་པར”འགན་འཁྲི་དེ་བས་མང་བ་དཀྲིས་ཡོད་ལ། དེ་བས་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཡང་ལྡན་པར་གྱུར་ཡོད།
“ང་ཚོས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་ནུས་པ་ཤེས་པ་དང་། སྣུམ་སྣོད་ཚ་པོ་བཟོ་ཐབས་དང་། གྲང་ངར་ཆེ་བའི་གནམ་གཤིས་སྟོན་སྐབས་འཁོར་ལོ་མགྱོགས་མྱུར་བརྗེ་བའི་ཐབས་རྩལ་བཅས་ཁོང་དུ་ཆུད་སོང”ཞེས་བསྟན་པ་ཆོས་འཕེལ་གྱིས་བཤད་པ་དང་། རོགས་སྐྱོབ་ལག་ལེན་ཐེངས་མང་ཁྲོད་ཨ་མདོའི“འཕྲལ་སྡོམ་པར”ས་བབ་མཐོ་བའི་ལམ་དུམ་དུ་ཉེན་སེལ་མྱུར་སྐྱོབ་བྱེད་པའི་ནུས་རྩལ་སྣ་ཚོགས་འཛོམས་ཡོད།
རྒྱུན་གཏན་གྱི་ཁོར་ཡུག་ནང་ལས་སླ་པོར་སྒྲུབ་ཐུབ་པའི་ལས་དོན་གང་ཞིག་ཡིན་རུང་ཨ་མདོར་དེ་རིགས་སྒྲུབ་དུས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།
འགྲོ་ལམ་ཤར་གཏོང་བྱས་རྗེས་རྫོང་དུ་ལོག་པའི་ལམ་བར་དུ་བསྟན་པ་ཆོས་འཕེལ་དང་བཅས་པར་རླངས་འཁོར་ལམ་འགྲམ་དུ་བཀག་ནས་རོགས་རམ་བྱེད་རོགས་ཟེར་མཁན་ཞིག་འཕྲད་པས་ཁོང་ཚོས་ལམ་སེང་ཞིབ་ཕྲའི་གནས་ཚུལ་སྐད་ཆ་དྲིས།
“ངའི་རླངས་འཁོར་གྱི་འཁོར་ལོ་རྡོལ་སོང་། རླངས་འཁོར་ནང་ཡོད་པའི་གསོ་རླུང་ཡང་རྫོགས་པས་ངའི་ཨ་མར་ལ་དུག་ཕོག་ནས་གཟུགས་པོ་བདེ་པོ་མི་འདུག”ཅེས་ཁ་ལོ་བས་དངངས་འཚབ་ཆེན་པོས་བཤད།
བསྟན་པ་ཆོས་འཕེལ་གྱིས་རླངས་འཁོར་ནང་གི་གསོ་རླུང་འཕྲལ་མར་ཡུལ་སྐོར་བར་སྤྲད་རྗེས་ལམ་སེང་རྫོང་མི་དམངས་སྨན་ཁང་དང་འབྲེལ་གཏུག་བྱས་ནས་བགྲེས་སོང་དེ་མྱུར་སྐྱོབ་བྱས་པ་དང་། དེ་རྗེས་ཁོང་ཚོར་རོགས་རམ་བྱས་ནས་རླངས་འཁོར་གྱི་འཁོར་ལོ་ཡང་བརྗེ་རོགས་བྱས།
“ཁྱེད་ཚོ་སྔོན་ལ་ང་ཚོའི་རླངས་འཁོར་ནང་འཛུལ་ཤོག རླངས་འཁོར་གྱི་འཁོར་ལོ་བརྗེས་ཚར་རྗེས་བབས་ཆོག”བསྟན་པ་ཆོས་འཕེལ་དང་ལས་གྲོགས་ཚོས་མགྱོགས་མྱུར་ལག་ཤུབས་བཏོན་ནས་ལྗིད་འདེགས་ཡོ་བྱད་སྤྱད་དེ་འཁོར་ལོ་བརྗེ་འགོ་བརྩམས། དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་བཅུ་ལྷག་ཙམ་ཟིན་པའི་གྲང་ངར་ཁྲོད་ཁོང་ཚོས་སྐར་མ་བཅུ་གྲངས་ནང་རླངས་འཁོར་གྱི་འཁོར་ལོ་བརྗེས་ཟིན་པ་དང་། དེ་རྗེས་ཁོང་ཚོས་ཡུལ་སྐོར་བ་དེ་སྨན་ཁང་དུ་བསྐྱལ་ནས་གཟུགས་པོར་གནས་ཚུལ་གང་ཡང་མེད་པ་ཤེས་རྗེས་གཞི་ནས་དེ་ནས་ཁ་བྲལ།
“འཕྲལ་སྡོམ་དོ་དམ་ལས་དོན་གཉེར་བར་ཐོག་མར་ཡོད་དགོས་པ་ནི་འགན་འཁྲི་འཁུར་སེམས་ཡིན་པས་དུས་ནམ་ཡང་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། བྱ་སྤྱོད་དངོས་སུ་དོན་འཁྱོལ་བཅས་བྱེད་དགོས”ལོ་མང་རིང་བསྟན་པ་ཆོས་འཕེལ་གྱིས་རྩ་དོན་འདི་ལྟ་བུ་དམ་སྲུང་བྱས་ཏེ། ཧུར་ཐག་འབད་ཐག་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་འཕྲལ་སྡོམ་དོ་དམ་གྱི་འཐབ་ཕྱོགས་སུ་རྒྱུན་མཐུད་འབད་འཐབ་ཀྱིས་བོད་ཀྱི“བྱང་སྒོ་ཆེན་པོ”སྲུང་བཞིན་ཡོད།