དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཐུག་པ་ཕོར་པ་རེ་རེ་ལས། འགྱུར་མེད་བརྩེ་བའི་དམ་བཅའ་མཚོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-03

    “ཁྱེད་རང་ཉིན་དགུང་ཁ་ལག་གང་ཞིག་ཟ་འདོད་དམ”

    “ཐུག་པ་འཐུང་གི་ཡིན”

    ལོ་50ཙམ་ལ་སླེབས་པའི་ཉི་མ་སྒྲོལ་མས་གྲོ་ཞིབ་བརྫིས་ཏེ་ཐུག་པ་བཟོས་ནས་ཆུ་ཚོད་གཅིག་ཀྱང་མ་འགོར་བར་ཐུག་པ་རླངས་པ་འཚུབ་འཚུབ་ཕོར་པ་གང་བཟའ་ཟླ་ཝང་ཀྲི་ཧུང་ལ་སྤྲད། དེ་ནས་ཉི་མ་སྒྲོལ་མས་ཨ་ཅོར་འཁྱེར་ནས་ཁྱོ་གའི་ངོ་གདོང་འཕྱིས།

    ས་ཆ་དངོས་སུ་ཀན་ཁྲང་ཐུག་པ་ཐེངས་གཅིག་བསྐོལ་བའི་རྩལ་ལ་མི་རྣམས་ཧང་སངས། ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིཊ་བུད་མེད་གཅིག་གིས་ནུབ་བྱང་གི་བྲོ་བ་ལྡན་པའི་ཀན་ཁྲང་ཐུག་པ་ཇི་ལྟར་བཟོ་བའི་སྐོར་ལ་གསར་འགོད་པས་ཝང་ཀྲི་ཧུང་དང་ཉི་མ་སྒྲོལ་མར་བཅར་འདྲི་བྱས་པ་ཡིན།

    “གཉེན་སྒྲིག་བྱས་ནས་ལོ་20ཙམ་ཕྱིན་སོང་། ལོ་བཅུའི་གོང་ལས་ཀས་རྐྱེན་པས་ཁྱིམ་ཚང་ལ་ལྟ་རྟོག་དེ་ཙམ་བྱ་རྒྱུ་མ་བྱུང་། རྗེས་ཀྱི་ལོ་བཅུའི་ནང་རང་ཉིད་ནད་ཀྱིས་མནར་ནས་མལ་སར་ལུས་སྟབས་ཁྱིམ་ཚང་ལ་ལྟ་རྟོག་བྱ་རྒྱུ་ལྟ་ཅི། ད་དུང་བཟའ་ཟླས་ང་ལ་གཡོག་རྒྱུག་དགོས་བྱུང་ཡོད། ཁོང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཝང་ཀྲི་ཧུང་གིས་བཤད།

    1999ལོར་ཀན་སུའུ་ཝུའུ་དབྱི་ནས་ཡིན་པའི་ཝང་ཀྲི་ཧུང་དང་བོད་ལྗོངས་ཆུ་ཤུར་ནས་ཡིན་པའི་ཉི་མ་སྒྲོལ་མ་གཉིས་ངོ་ཤེས། དེ་ནས་དགའ་རོགས་བསྒྲིགས་ཏེ་གཉེན་སྒྲིག་བྱས། བཟའ་ཟླའི་སྐུལ་ལྕག་དང་རོགས་རམ་འོག་ཉི་མ་སྒྲོལ་མས་རྒྱ་ཡིག་དང་ནུབ་བྱང་གི་གཡོས་སྦྱོར་ལག་རྩལ་སྦྱོང་འགོ་བཙུགས། ལོ་མང་རིང་ཁོ་མོས་བཟའ་ཟླའི་བྱ་གཞག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་མ་ཟད། ད་དུང་བུ་ཕྲུག་ལ་ལྟ་རྟོག་དང་ཕ་མར་བསྙེན་བཀུར་ཞུ་བའི་འགན་ཡང་ཁུར།

    ཉི་མ་སྒྲོལ་མས་བྱ་སྤྱོད་དངོས་ལ་བརྟེན་ནས་བཟའ་ཟླར་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ལ། ལོ་20ལྷག་ཙམ་རིང་འཚོ་བའི་འགན་ཚང་མ་ཕྲག་ཏུ་ཁུར་ཏེ་ཁྱིམ་ཚང་དྲོ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས། ཁོ་མོས“ཁྱིམ་ཚང་ཡག་པོ་སྐྱོང་བར་བསམ་ཤེས་དང་བསྟུན་མཁས་ཤེས་པ་དགོས་ལ། དྲིན་ཚོར་ཡང་ཤེས་པ་དགོས”ཞེས་བཤད།

    གནམ་ལ་སྤྲིན་རླུང་འགྱུར་ལྡོག་ཚོད་དཔག་དཀའ་ཞེས་པ་ལྟར། 2012ལོར་ཝང་ཀྲི་ཧུང་ལ་འགྲིམ་འགྲུལ་གྱི་ཆག་སྒོ་བྱུང་ཞིང་། ཀླད་པའི་ཁྲག་རྩ་བརྡོལ་ནས་ཁྲག་འཁྱིལ་ཏེ་ཞ་འཁུམས་ནས་ལས་ནུས་ཤོར།

    “གཏམ་ངན་ཐོས་སྐབས་སེམས་སྡུག་ཧ་ཅང་ཆེན་པོ་བྱུང”དཀའ་སྡུག་ཆེ་བའི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ་ཉི་མ་སྒྲོལ་མའི་མིག་མཆི་མས་བརླན། ཁོང་གིས་ཕོར་པ་འདེགས་ཀྱིན་མིག་ལ་མཆི་མ་འཁོར་བཞིན་དུ་ཐུག་པ་ཁམ་གང་རེ་བྱས་ནས་མིད།

    ཐུག་པ་འཐུང་མཚམས་བཞག་ནས་མིག་ཆུ་འཕྱིད་ཀྱིན་ཉི་མ་སྒྲོལ་མས་སླར་ཡང་བཟའ་ཟླའི་གཟུགས་པོ་འཕྱི་བ་དང་། འཕུར་མཉེད་གཏོང་བ། དྲག་སྐྱེད་སྦྱོང་བརྡར་བྱེད་པ་སོགས། ཁྱོ་གའི་སེམས་ཀྱི་སྡུག་བསྔལ་སེལ་ཆེད། ཉི་མ་སྒྲོལ་མས་རྟག་ཏུ་ཁྱོ་ག་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་ཉིན་ལྟར་ནུས་ཤུགས་ཡོད་རྒུས་ཁྱོ་ག་ཐོག་བརྩེགས་གསུམ་པ་ནས་སྒལ་པར་འཁུར་ཏེ་ཕྱིར་ཉི་མ་བསྲོ་བར་འཁྲིད།

    ཉིན་ནས་ཟླ་བ་དང་ཟླ་བ་ནས་ལོ་མཐུད་དེ་བགྲང་བྱ་བཅུ་ལྷག་ཙམ་རིང་ཉི་མ་སྒྲོལ་མ་དང་ཝང་ཀྲི་ཧུང་གི་གཏམ་རྒྱུད་སྤྱིར་ན་ལྷ་སའི་ནུབ་འདབས་ཁུལ་གྱི་ཁྱིམ་ཚང་ཚང་མས་ཤེས། ཁྱིམ་ཚང་ལ་སྡེ་ཁུལ་གྱི་གྲོང་པ་ཁྱིམ་མཚེས་དང་ཉི་མ་སྒྲོལ་མའི་ཨ་མའི་ཁྱིམ་ནས་རོགས་རམ་ཐོབ་པ་དེ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ནང་དོན་ཟབ་མོ་མཚོན་ལ། 2022ལོར་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”དང“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཡང་ཐོབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།