དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་རེས་སྐོར་གསར་པའི་གློག་རིན་སྲིད་ཇུས་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    ཉེ་ཆར། རང་ལྗོངས་ཀྱིས《ལྗོངས་ཡོངས་ཀྱི་དྲ་ཞུགས་གློག་རིན་དང་ཚོང་སྒྱུར་གློག་རིན་སྔར་བས་ལེགས་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། 2023ལོའི་ཟླ་12ཚེས་1ཉིན་ནས་བཟུང་། གོང་ཁེའི་ནུས་རྒྱུ་གསར་པའི་དྲ་ཞུགས་གློག་རིན་འོས་འཚམ་ངང་སྤོར་བ་དང་། ཆབ་མདོ་གློག་དྲའི་གློག་རིན་རིམ་བཞིན་གཅིག་གྱུར་བྱེད་པ། གྲོང་མིའི་རིམ་པ་སྟར་ཆགས་ཀྱི་གློག་རིན་འཐུས་སྒོ་ཚང་དུ་གཏོང་བ། སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་དུས་ཚིགས་དབྱེ་བའི་གློག་རིན་ལེགས་སུ་གཏོང་བ། བཟོ་ལས་ཆེན་པོའི་དུས་བཅད་གློག་རིན་ལེགས་སྒྲིག་བཅས་བྱེད་རྒྱུ་རེད།

    གསར་འགོད་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 《བརྡ་ཐོ》གཞིར་བཟུང་། གློག་གཏོང་ཐད་རྒྱལ་ཁབ་ཀྱི་བསྐྱར་སྐྱེས་ཆོག་པའི་ནུས་རྒྱུའི་ཁ་གསབ་ལོངས་སྤྱོད་མི་ཐུབ་པའི་འོད་ཤུགས་གློག་རིན་དེ་སྔའི་ཆན་ཝ་ཆུ་ཚོད་རེར་སྒོར་0.1ནས་ཆན་ཝ་ཆུ་ཚོད་རེར་སྒོར་0.25བར་སྤོར་རྒྱུ་དང་། གོང་ཁེའི་དྲ་ཞུགས་ཀྱི་ས་འོག་ཚ་ནུས་དང་། འོད་ཤུགས་ཚ་ནུས། རླུང་ཤུགས་བཅས་དང་དེ་བཞིན་འོད་ཤུགས་ཀྱི་ལེ་ལག་ཚང་བའི་གསོག་ནུས་སོགས་ནུས་རྒྱུ་གསར་པའི་གློག་གཏོང་གི་དྲ་ཞུགས་གློག་རིན་དེ་སྔའི་ཆན་ཝ་ཆུ་ཚོད་རེར་སྒོར་0.25ནས་ཆན་ཝ་ཆུ་ཚོད་རེར་སྒོར་0.341བར་སྤོར་རྒྱུ་ཡིན་པ་རེད། ཕྱིར་ཚོང་ཐད་གྲོང་མིའི་རིམ་པ་སྟར་ཆགས་ཀྱི་གློག་རིན་འཐུས་སྒོ་ཚང་དུ་བཏང་སྟེ། ཆུ་རྒྱས་པའི་རིང(ལོ་རེའི་ཟླ་ལྔ་པ་ནས་བཅུ་པའི་བར)ཟླ་རེའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་100ཡན་གྱི་གློག་རིན་འོས་འཚམ་ངང་གཅོག་རྒྱུ་དང་། ཆུ་ཆུང་བའི་རིང(ལོ་རེའི་ཟླ་དང་པོ་ནས་བཞི་པའི་བར་དང་ཟླ་བཅུ་གཅིག་པ་ནས་བཅུ་གཉིས་པའི་བར)ཟླ་རེའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་300ཡན་གྱི་གློག་རིན་འོས་འཚམ་ངང་སྤོར་རྒྱུ་རེད། གལ་ཏེ་ཟླ་རེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་200ཡན་གྱི་གློག་རིན་ཆན་ཝ་ཆུ་ཚོད་རེར་སྒོར་0.343བར་གཅོག་རྒྱུ་རེད། ཟླ་དེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་300ཟིན་ཚེ་གློག་རིན་སྒོར་22.05གྲོན་ཆུང་ཐུབ་པ་དང་། ཟླ་དེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་400ཟིན་ཚེ་གློག་རིན་སྒོར་36.75གྲོན་ཆུང་ཐུབ་པ། ཟླ་དེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་500ཟིན་ཚེ་གློག་རིན་སྒོར་51.45གྲོན་ཆུང་ཐུབ་ཀྱི་ཡོད། ཆུ་ཆུང་བའི་དུས་སུ་རིམ་པ་སྟར་ཆགས་ཀྱི་གློག་རིན་ལག་བསྟར་བྱས་རྗེས། ཟླ་རེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་300ཡི་ནང་ཚུན་དུ་གློག་རིན་མི་འགྱུར་བ(ཆན་ཝ་ཆུ་ཚོད་རེར་སྒོར་0.49)དང་། ཟླ་དེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་300ཟིན་ཚེ་གློག་རིན་མི་སྤོར་བ། ཟླ་དེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་400ཟིན་ཚེ་གློག་རིན་སྒོར་4.9འཕར་རྒྱུ། ཟླ་དེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་500ཟིན་ཚེ་གློག་རིན་སྒོར་14.7འཕར་རྒྱུ་བཅས་རེད། སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་དུས་ཚིགས་དབྱེ་བའི་གློག་རིན་ལེགས་སུ་གཏོང་བ་དང་། ཆུ་རྒྱས་པའི་རིང(ལོ་རེའི་ཟླ་ལྔ་པ་ནས་བཅུ་པའི་བར)དཀར་ཆག་གློག་རིན་གྱི་རྨང་གཞིའི་ཐོག་ཆན་ཝ་ཆུ་ཚོད་རེར་སྒོར་0.04གཅོག་རྒྱུ་དང་། ཆུ་ཆུང་བའི་རིང(ལོ་རེའི་ཟླ་དང་པོ་ནས་བཞི་པའི་བར་དང་ཟླ་བཅུ་གཅིག་པ་ནས་བཅུ་གཉིས་པའི་བར)དཀར་ཆག་གློག་རིན་གྱི་རྨང་གཞིའི་ཐོག་ཆན་ཝ་ཆུ་ཚོད་རེར་སྒོར་0.02སྤོར་རྒྱུ་རེད།

    གྲོང་མིར་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང“རིན་གོང་ཁྲིམས་འགལ”གྱི་གནད་དོན་འཕྲད་ཚེ་ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས་12315འམ་ཡང་ན་0891-6339537ལ་བརྒྱབ་ནས་དུས་ཐོག་ཏུ་སྙན་སེང་ཞུ་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།