ལོ་ལོ་ནི་མི་སེར་གྱི་སྒྲོག་འགྲེལ་བ་ཡག་པོ་ཞིག་རེད།
འདི་ལོ་ལོ་63ལ་སླེབས་པའི་ལོ་ལོ་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ཁྱིམ་ཚང་ཀུན་གྱིས་རྒྱུས་མངའ་ཆེ་བའི་སྒྲོག་འགྲེལ་བ་ཞིག་ཡིན་པའི་ཁོང་ལ་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་གི་སློབ་སྤྱི། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མི་སྒེར། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཕུལ་བྱུང་སྒྲོག་འགྲེལ་བ། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི“དང་བླངས་པ་ཡག་ཤོས”བཅས་ཀྱི་མཚན་སྙན་ཐོབ་ཡོད།
“རྒན་ལོ་ལོ་ལགས་ཀྱིས་སློབ་ཚན་ཡག་པོ་འཁྲིད་གནང་བ་མ་ཟད། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱང་འགྲེལ་བཤད་གསལ་པོ་བསྐྱོན་གྱི་ཡོད། ཁོང་མི་སྣ་གྲགས་ཅན་ཞིག་མིན་ཡང་། ཁོང་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་ལ། ང་ཚོ་ཚང་མ་ཁོང་གི་སྒྲོག་འགྲེལ་ཉན་པར་དགའ་པོ་ཡོད”ཅེས་ཁང་གསར་གྲོང་ཚོའི་གྲོང་མི་ཆོས་འཕེལ་གྱིས་བཤད།
1960ལོར་ཁོང་ལྷོ་རོང་རྫོང་གི་འབྲོག་ཁྱིམ་ཕལ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ཁྲོད་ཁོང་ཁྱིམ་ཚང་དེའི་ནང་སློབ་གྲྭར་སྐྱོད་མཁན་གྱི་ཕྲུ་གུ་དང་པོར་གྱུར་པ་དང་ཕྱིས་སུ་ད་དུང་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་གྱུར། ཏང་གི་སློབ་གསོ་དང་གསོ་སྐྱོང་འོག་1984ལོར་ཁོང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། དགེ་རྒན་གྱི་ལས་གནས་ཐོག་ཁོང་གིས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་མ་ཟད། སྔ་རྗེས་སུ་ཀྲུང་གུང་ལྷོ་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་ཕུལ་བྱུང་སློབ་སྤྱི་དང་། སློབ་གསོའི་ལས་དོན་གྱི་སྔོན་ཐོན་མི་སྒེར། དགེ་རྒན་གྱི་ཀུན་སྤྱོད་དཔེ་དམག་སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་ཡོད།
བྱས་རྗེས་མངོན་གསལ་དོད་པར་བརྟེན། 2012ལོའི་ཟླ་བདུན་པར་ཁོང་ལྷོ་རོང་རྫོང་ཨུད་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པར་གདན་ཞུ་བྱས། ལོ་11རིང་ཁོང་གིས་ལྷག་བསམ་ཟོལ་མེད་དང་ལས་ཀའི་འགན་སེམས་ཆེན་པོས་སྒྲོག་འགྲེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་ལྷོ་རོང་རྫོང་གི་སྒྲོག་འགྲེལ་བྱ་གཞག་ལ་རང་ནུས་ལྷག་མ་ཕུལ་ཡོད།
སྒྲོག་འགྲེལ་བྱ་གཞག་གི་སྐོར་གླེང་སྐབས་ཁོང་གིས་གསར་འགོད་པར“གྲོང་ཚོའི་གཞོན་ནུ་ཁག་གཅིག་གི་རིག་གནས་ཆུ་ཚད་མཐོ་པོ་མེད་པར་བརྟེན་བསམ་བློར་ཤུགས་རྐྱེན་ངན་པ་ཐེབས་སླ་པོ་ཡོད། ཏང་ཡོན་ཞིག་ཡིན་པའི་ངས་རྒྱ་ཆེའི་གཞོན་ནུ་ཚོར་དད་སེམས་བརྟན་དུ་བཏང་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་ཐུབ་པ་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན། སྒྲོག་འགྲེལ་ལས་དོན་གྱིས་ང་ལ་ལས་སྟེགས་ཡག་པོ་ཞིག་གནང་བྱུང”ཞེས་བཤད།
སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་ཆེད། ཁོང་གིས་ཁོམ་པ་བྱུང་མ་ཐག《མི་དམངས་ཉིན་རེའི་ཚགས་པར》དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》《སྐབས་དོན་སྙན་ཞུ》སོགས་ཏང་གི་ཚགས་པར་དང་དུས་དེབ་སློབ་སྦྱོང་བྱེད་ཀྱི་ཡོད། དཔེ་དེབ་ཀློག་སྐབས། ཁོང་གིས་རྟག་ཏུ་རྩོམ་ཡིག་གལ་ཆེན་གྱི་ནང་དོན་བྲེགས་ནས་ཉར་བ་དང་དཔེ་ཀློག་གི་ཟིན་བྲིས་འགོད་ཀྱི་ཡོད། སྒྲོག་འགྲེལ་གྱི་ལས་འགན་ཡོད་སྐབས། ཁོང་གིས་རྟག་ཏུ་སྒྲོག་འགྲེལ་གྱི་ནང་དོན་ལ་ཞིབ་འཇུག་ནན་ཏན་དང་འབྲེལ་ཡོད་ཀྱི་དཔྱད་ཡིག་དང་ཡིག་ཆ་ལྟ་ཀློག་ཞིབ་ཚགས་བྱས་ཏེ་ཁོང་དུ་ཆུད་ཐབས་བྱེད་ལ། མི་ཤེས་པའི་སྐབས་སུ་གཞན་ལ་སེམས་ཆུང་ངང་བཀའ་འདྲི་ཞུ་བ་མ་ཟད། མྱོང་ཚོར་དང་གཏམ་བཤད་ཡིག་ཆ་འབྲི་ཡི་ཡོད།
ལོ་11རིང། ཁོང་གིས་ཆབ་མདོ་དང་། ཉིང་ཁྲི། གཞིས་རྩེ་སོགས་གྲོང་ཁྱེར་གྱི་རྫོང(ཆུས)དང་། ཤང་དང་གྲོང་རྡལ། གྲོང་ལྷན། སློབ་གྲྭ དགོན་སྡེ་སོགས་སུ་བསྐྱོད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་ཐེངས་2700ལྷག་ཙམ་བྱས་པ་དང་མང་ཚོགས་ཁྲི་90ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།
ཁོང་གི་སྒྲོག་འགྲེལ་དང་སྣེ་ཁྲིད་འོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་བའི་བརྩེ་སེམས་ཟབ་ཏུ་ཕྱིན་པ་མ་ཟད། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། རྒན་ལགས་ཁོང་གི་སྐོར་གླེང་སྐབས། “ཚང་མས་ཁོང་ནི་ཏང་གིས་གསོ་སྐྱོང་བྱས་པའི་གསར་བརྗེའི་སྒྲོག་འགྲེལ་པ་ངོ་གནོང་མི་དགོས་པ་ཞིག་རེད”ཅེས་ཤོད་ཀྱི་ཡོད།
ལོ་ན་མཐོ་རུ་ཕྱིན་པའི་རྐྱེན་གྱིས་ཁོང་ལ་ཁྲག་ཤེད་མཐོ་བ་དང་། སྙིང་ནད། རུས་ཚིགས་ནད་སོགས་ཡོད་ཀྱང་ཁོང་གིས་སྔར་བཞིན་སྒྲོག་འགྲེལ་བྱ་གཞག་སྒྲུབ་ཀྱི་ཡོད།
“ང་ནི་ལས་བྱེད་པ་རྒན་གྲས་ཤིག་ཡིན་ལ་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པས་ཏང་དང་མི་དམངས་ལ་བྱ་བ་མང་ཙམ་སྒྲུབ་དགོས། གཟུགས་པོས་འཁྱོག་ན། ངས་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་ཐག་ཆོད་ཡིན། གང་དུ་མི་སེར་ཡོད་ན། ངས་དེ་གར་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱི་ཡིན”ཞེས་བཤད།