དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལེགས་རྩེ་འགག་སྒོ་སྒོ་མོ་ཕྱེ་བའི་ཉིན་མོ་དང་པོར།

    མཐའ་མཚམས་མི་སེར་ཚོང་ལ་བྲེལ། ཉོ་ཚོང་གཉིས་ཀ་དར་ལ་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    ཟླ་11ཚེས་13ཉིན་ཀྲུང་གོ—ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་བགྲོད་ལམ་གསར་པ་སྟེ་ལེགས་རྩེ་འགག་སྒོ་བདེ་བླག་ངང་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས།

    འགག་སྒོ་གནས་ཡུལ་ཏེ་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཡག་ར་ཤང་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། འགག་སྒོའི་དངོས་ཟོག་ཉོ་ཚོང་བྱ་ཡུལ་དུ་ཕར་འགྲོ་ཚུར་འོང་གི་ཀྲུང་ནེའི་མཐའ་མཚམས་མི་སེར་མང་བ་དང་ཚོང་ཟོག་སྣ་ཁ་ཤིན་ཏུ་འཛོམས་པོ་འདུག

    བཅར་འདྲི་བྱེད་རིང་གསར་འགོད་པས་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་པའི་མྱོང་ཚོར་འདྲི་སྐབས། “རེ་སྒུག”དང་། “སེམས་འགུལ” “དགའ་སྤྲོ”སོགས་པའི་ཐ་སྙད་ཐོས་མང་ཤོས་ཡིན་པ་རེད།

    ཡག་ར་ཤང་གད་དམར་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པའི་ཐོག་ནས་ཤ་དང་། མར། བརྒྱ་ཟོག་བཅས་འཁྱེར་ཡོད། གད་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཟང་པོ་ལྷུན་གྲུབ་ཀྱིས་གསར་འགོད་པར། འགག་སྒོ་ཤར་གཏོང་ཐུབ་མ་ཐག་ད་རེས་ཀྱི་མཐའ་མཚམས་ཉོ་ཚོང་དེ་འགྲེམས་ཚོང་རྣམ་པའི་ཐོག་ནས་བྱེད་བཞིན་ཡོད། ཁྲོམ་རར་གང་མཁོ་ན་དུས་མཇུག་ཏུ་སླར་ཡང་ལེགས་སྒྲིག་བྱེད་རྩིས་ཡོད། མཐའ་མཚམས་ཚོང་དོན་བརྒྱུད་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་བཤད།

    ནེ་པ་ལའི་མུ་སི་ཐང་རྫོང་ནས་ཡིན་པའི་ཉི་མ་ཚེ་རིང་ནི་ད་རེས་ཕ་ཡུལ་གྱི་ཚབ་བྱས་ནས་མཐའ་མཚམས་ཉོ་ཚོང་ཁྲོམ་རར་རྟོག་ཞིབ་བྱེད་པར་ཡོང་བ་ཞིག་རེད། “འགག་སྒོ་ཤར་གཏོང་ཐུབ་པའི་དཔང་པོ་ཐུབ་པ་ལས་སེམས་ལ་དགའ་བ་དཔག་མེད་བྱུང”ཞེས་དང“འདི་གར་ཚོང་ཟོག་སྣ་ཁ་འཛོམས་པོ་འདུག་ལ། གོང་ཡང་ཁེ་པོ་འདུག མཐའ་མཚམས་ཚོང་དོན་དར་རྒྱས་མགྱོགས་མྱུར་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་ཁོང་གིས་བཤད།

    ལེགས་རྩེ་འགག་སྒོ་ནི་སྲོལ་རྒྱུན་གྱི་ཀྲུང་ནེ་ཕྱོགས་གཉིས་པོའི་མཐའ་མཚམས་མི་སེར་གྱི་ཉོ་ཚོང་བྱ་ཡུལ་གྱི་རྨང་གཞིའི་ཐོག་ཆགས་པ་དང་འཕེལ་རྒྱས་བྱུང་བ་དང་། བོད་ཀྱི་སྲོལ་རྒྱུན་གྱི་ནེ་པ་ལར་ཕྱོགས་པའི་ཉོ་ཚོང་བགྲོད་ལམ་ཡིན་ཞིང་། ལོ་རྒྱུས་སུ་དུས་ཡུན་རིང་པོར་ཀྲུང་ནེའི་ཚྭ་འབྲུ་བརྗེ་ཚོང་བྱ་ཡུལ་རེད།

    འབྲོང་པ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡག་ར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་སྒྲོལ་མས། སྲོལ་རྒྱུན་གྱི་ཀྲུང་ནེ་ཕྱོགས་གཉིས་པོའི་མཐའ་མཚམས་མི་སེར་གྱིས་ཉོ་ཚོང་བྱ་ཡུལ་དུ་ལོ་རེའི་ཟླ་6པ་དང་ཟླ་9པ་ནི་ཕྱོགས་གཉིས་པོའི་མཐའ་མཚམས་མི་སེར་གྱི་གཏན་ཕབ་རང་འགྲིག་གི“ཉོ་ཚོང་དུས་ཚིགས”ཤིག་ཏུ་གྱུར་ཡོད་ཅིང་། དེའི་རིང་ལ་ཉོ་ཚོང་གཟའ་འཁོར་གཅིག་ནས་ཉིན་བཅུ་གྲངས་བར་བྱེད་ཀྱི་ཡོད། ཡག་ར་ཤང་ལ་ས་བབ་ལེགས་ཆ་ལྡན་པས་མང་ཚོགས་བཅུ་ཆ་ལྔ་ཡན་ནི་སྲོལ་རྒྱུན་གྱི་ཀྲུང་ནེ་ཕྱོགས་གཉིས་པོའི་མཐའ་མཚམས་མི་སེར་གྱི་ཉོ་ཚོང་ནང་ཞུགས་མྱོང་བའམ་ཡང་ན་ཡུན་རིང་ཉོ་ཚོང་བྱེད་མཁན་ཤ་སྟག་རེད། མཐའ་མཚམས་ཀྱི་མི་སེར་ཚོས་ཀྱང་ཕན་ཚུན་གང་མཁོ་བརྗེ་རེས་བྱས་ནས་དངོས་པོའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབས་ཅིག ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ས་ཁུལ་གྱི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་མུ་མཐུད་འཛུགས་པ་དང་སྲ་བརྟན་དུ་གཏོང་བཞིན་མཆིས།

    “ད་ཐེངས་ཀྱི་དངོས་ཟོག་ཉོ་ཚོང་བྱ་ཡུལ་ནི་གནས་སྐབས་ཙམ་ཡིན། འགག་སྒོ་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དངོས་སུ་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་ཁྲོམ་བཀྱག་དང་ཚོང་དུད་དེ་བས་མང་པོ་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། ཚོང་གཉེར་ཁོར་ཡུག་ཀྱང་དེ་བས་ཡག་པ་གཏོད་རྒྱུ་ཡིན”ཞེས་ཉི་མ་སྒྲོལ་མས་ཉེ་འགྲམ་གྱི་འཛུགས་སྐྲུན་བྱེད་བཞིན་པའི་སྐྲུན་དངོས་ལ་མཛུབ་མོ་འཛུགས་བཞིན་བཤད།

    ས་སྲོད་མཚམས་སུ་འགག་སྒོའི་དངོས་ཟོག་ཉོ་ཚོང་བྱ་ཡུལ་ནས་གློག་འོད་ཆེམ་ཆེམ་འཕྲོ་བ་དང་མི་ཚོགས་ཆེ་ཞིང་། སྒྲིག་གཤོམ་བྱས་པའི་ཚོང་ཟོག་བྲིན་ཁ་རྒྱུག་པོ་བྱུང་ནས་ཁྲོམ་བཀྱག་མི་ཉུང་བ་སྟོང་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།