དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དང་བླངས་ཞབས་ཞུས་དམངས་ལ་དྲོ་སྐྱིད་སྦྱིན། ཤེས་དཔལ་ལག་ལེན་དམངས་དང་འབྲེལ་བ་ཟབ།

    —— “ཕུལ་བྱུང་དང་བླངས་ཞབས་ཞུའི་སྡེ་ཁུལ”ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བདེ་ལེགས་སྡེ་ཁུལ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    “ཨ་ཅག སྐུ་ཁམས་བཟང་། འཚོ་བའི་ཐད་རོགས་རམ་བྱེད་དགོས་འདུག་གམ” “སྡེ་ཁུལ་དུ‘ཞབས་འདེགས་ཞུས་ནས་སྐར་མ་གསོག་པ་དང་བསགས་པའི་སྐར་མས་ལག་རྟགས་བརྗེ་བའི’བྱེད་སྒོ་སྤེལ་གྱི་ཡོད་པས། ཚང་མས་དང་བླངས་ཞབས་ཞུའི་བྱེད་སྒོར་མང་ཙམ་ཞུགས་ནས་སྐར་མ་བསགས་ན། བསགས་པའི་སྐར་མས་འཚོ་བའི་མཁོ་ཆས་བརྗེ་ཆོག་གི་ཡོད།

    འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བདེ་ལེགས་སྡེ་ཁུལ་གྱི་དང་བླངས་པས་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་བཞིན་པའི་གནས་ཚུལ་རེད། དགུན་ཁ་ཤར་ཡང་ཁོ་ཚོས་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུས་ནས་དྲོ་སྐྱིད་སྦྱིན་པའི་གཟུགས་བརྙན་གང་སར་མཐོང་རྒྱུ་འདུག

    ཡུན་རིང་མ་སོང་གོང་2022ལོའི་རྒྱལ་ཡོངས་ཀྱི་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བདེ་ལེགས་སྡེ་ཁུལ་ལ“ཕུལ་བྱུང་དང་བླངས་ཞབས་ཞུའི་སྡེ་ཁུལ”གྱི་མཚན་སྙན་ཐོབ་ཡོད།

    “མཚན་སྙན་དེ་ནི་བདེ་ལེགས་སྡེ་ཁུལ་གྱི་དང་བླངས་ཞབས་ཞུ་རུ་ཁག་7དང་དང་བླངས་ཞབས་ཞུ་བ་192ཀྱིས་ཁོངས་གཏོགས་ཁུལ་གྱི་དུད་ཚང་268ཀྱི་མང་ཚོགས་1370ལ་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་གྲོང་མིའི་ཆེད་དུ་དཀའ་ལས་བརྒྱབ་ནས་ཐོབ་པ་ཞིག་རེད”ཅེས་བདེ་ལེགས་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་མངགས་གཏོང་ཀྲི་པུའུ་ཧྲུའུ་ཅི་གཅིག་ལྕོགས་སྒྲོལ་མས་བརྗོད།

    བདེ་ལེགས་སྡེ་ཁུལ་རི་བོ་ཆེ་རྫོང་གི་ནུབ་བྱང་ས་མདོ་ཁུལ་གསར་དབུལ་སྐྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་གནས་པ་དང་། རྒྱལ་ལམ་214དང་རྒྱལ་ལམ་317གྱི་སྦྲེལ་མཚམས་སུ་ཆགས་ཡོད། སྡེ་ཁུལ་གྱི་གྲོང་མི་ནི་རི་བོ་ཆེ་རྫོང་གི་ཤང་གྲོང་ཁག་གི་སྲིད་འཛིན་གྲོང་ཚོ་66གི་ཡུལ་གཞན་དུ་གནས་སྤོས་བྱས་པའི་དུད་ཚང་རེད། 2020ལོར་སྡེ་ཁུལ་གསར་པ་བཙུགས་ཚུན། གནས་སྤོས་མང་ཚོགས་བློ་བདེ་བགས་ཕེབས་ཡོང་ཆེད། བདེ་ལེགས་སྡེ་ཁུལ་གྱིས་བྱ་བ་ཆུང་ཙག་ནས་བྱེད་འགོ་བཙུགས་ཏེ་དང་བླངས་ཞབས་ཞུའི་ལས་དོན་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་དང་བླངས་ཞབས་ཞུའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། 《བདེ་ལེགས་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་འཛུགས་སྐྲུན་གྱི་ལས་ཀའི་ཇུས་གཞི》དང་།《སྐར་གསོག་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》 《སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་དོ་དམ་བྱ་ཐབས》སོགས་སྒྲིག་སྲོལ་ལམ་ལུགས་བཟོས་ཏེ། དང་བླངས་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་ཡོང་བར་བྱས་ཡོད།

    “གཟིགས་དང་། ང་ཚོའི་འཚོ་བ་བདེ་ཞིང་སྐྱིད་པོ་ཡོད་ཅིང་། ཁ་ལ་བཟའ་བའི་ཟས་སྣ་འཛོམས་ལ་ལུས་ལ་གྱོན་པའི་གྱོན་ཆས་སྤུས་ཀ་དག སྡོད་སའི་ཁང་པ་དཀར་ཆ་དོད་པོ་བཅས་ཡག་པོ་མིན་འདུག་གམ། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་རེད། ང་ཚོས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད”ཅེས་བདེ་ལེགས་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་སྡེ་ཁུལ་གྱི་གཞི་རིམ་སྒྲོག་འགྲེལ་པ་བློ་བཟང་ཚེ་རིང་གིས་བབ་ཆགས་ལ་གོ་བདེ་བའི་གཏམ་བརྗོད་ཀྱིས་སྡེ་ཁུལ་མང་ཚོགས་ལ་རྒྱལ་ཁབ་ཀྱི་དུས་བབ་གསར་པ་དང་སྲིད་ཇུས་གསར་པ་དྲིལ་བསྒྲགས་བྱེད་བཞིན་མཆིས།

    “བློ་བཟང་ཚེ་རིང་ནི་ང་ཚོའི་སྡེ་ཁུལ་གྱི་གཞི་རིམ་སྒྲོག་འགྲེལ་པ་ཞིག་རེད་ལ་ང་ཚོའི་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའང་རེད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཤང་གྲོང་དར་རྒྱས་ཀྱི་ཆེད་སྒྲུབ་ལས་བྱེད་པ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གསར་འགོད་པར་བཇོད། ཁོང་གིས་བདེ་ལེགས་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ཏེ། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག “གཉིས་ལྡན་དུད་སྦྲེལ”སྤྱི་མི། གཞི་རིམ་གྱི་སྒྲོག་འགྲེལ་པ། གྲོང་ཚོའི་རིག་རྩལ་རུ་ཁག གྲོང་སྲུང་རུ་ཁག འཕྲལ་སྡོམ་ཡུལ་དམག་ལན། གྲོང་ཚོའི་ཁོར་ཡུག་སྲུང་སྐྱོང་པ་སོགས་དང་བླངས་ཞབས་ཞུའི་དཔུང་ཁག་ནང་བཅུག་སྟེ། རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་ཞབས་ཞུ་དང་། རིག་གནས་རིག་རྩལ་ཞབས་ཞུ། འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ། ཏང་ཡོན་གྱི་གདོང་ལེན་ཞབས་ཞུ། གཞོན་ནུའི་དང་བླངས་ཞབས་ཞུ། བུད་མེད་ཀྱི་དང་བླངས་ཞབས་ཞུ། འཕྲལ་སྡོམ་དང་བླངས་ཞབས་ཞུ་བཅས་དང་བླངས་ཞབས་ཞུའི་རུ་ཁག་7བཙུགས་པ་དང་དང་བླངས་པ་192ཐོ་འགོད་བྱས་པ་དེས་སྡེ་ཁུལ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་21%བཟུང་ཡོད་ཅེས་བཤད།

    “ས་ཆ་གང་དུ་དགོས་མཁོ་ཡོད་ན། འདི་གར་དང་བླངས་པ་ཡོད”ཚུལ་ཁྲིམས་རྣམ་རྒྱལ་གྱིས། བདེ་ལེགས་སྡེ་ཁུལ་དང་བླངས་ཞབས་ཞུའི་རུ་ཁག་གིས་ལོ་ལྟར་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་བའི་ནང་བདེ་འཇགས་བརྟན་ལྷིང་དང་། དྲིལ་བསྒྲགས་སློབ་གསོ། སྨན་བཅོས་རོགས་སྐྱོབ། ཁོར་ཡུག་གཙང་སྦྲ། དམངས་བདེ་དམངས་ཕན། ཉམ་ཐག་རིགས་ལ་སེམས་ཁུར་དང་དོ་ཁུར། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི། རིག་རྩལ་འཁྲབ་སྟོན་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    གཞན་ཡང་། བདེ་ལེགས་སྡེ་ཁུལ་གྱིས་ད་དུང“བདེ་སྐྱིད་སྲུང་སྐྱོང”ཞེས་པའི་དང་བླངས་ཞབས་ཞུའི་སྤུས་རྟགས་ཀྱང་བཏོད་དེ། སྡེ་ཁུལ་གྱི་དགོས་མཁོ་ཡོད་པའི་རྒས་འཁོགས་ཁ་ཤས་ལ་ཞིབ་ཅིང་ཕྲ་བའི་དང་བླངས་ཞབས་ཞུའི་ཇུས་གཞི་བཟོས་ནས་མི་ཚང་མར་མཐོང་ཆེན་དང་དོ་ཁུར་བྱེད་ཀྱི་ཡོད།

    དང་བླངས་ཞབས་ཞུའི་རྣམ་པ་བཟང་པོ་བཏོད་དེ་སྡེ་ཁུལ་གྲོང་མིའི་དང་བླངས་ཞབས་ཞུར་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱེད་ཆེད། བདེ་ལེགས་སྡེ་ཁུལ་གྱིས་སྐར་གསོག་སྐུལ་ལྕག་ལམ་ལུགས་ཁྱབ་གདལ་བཏང་ནས་སྐར་གསོག་ལག་དེབ་སྤྲད་དེ“ཞབས་འདེགས་ཞུས་ནས་སྐར་མ་གསོག་པ་དང་བསགས་པའི་སྐར་མས་ལག་རྟགས་བརྗེ་བའི”སྐུལ་ལྕག་ལམ་སྲོལ་དོན་འཁྱོལ་གྱིས་སྡེ་ཁུལ་མང་ཚོགས་ཀྱིས་རང་གིས་རང་ལ་སློབ་གསོ་དང་། དོ་དམ། ཞབས་འདེགས་བཅས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    “ད་ཆ། བདེ་ལེགས་སྡེ་ཁུལ་དུ‘ཁོམ་པ་ཡོད་ན་དང་བླངས་པ་བྱེད། ལས་ཀ་ཡོད་ན་དང་བླངས་པ་འཚོལ’བའི་འདུ་ཤེས་ཀུན་གྱི་སེམས་ལ་ཟུག་ཡོད”སྒྲོལ་མས་གསར་འགོད་པར། ཞིབ་ཅིང་ཕྲ་བའི་དང་བླངས་ཞབས་ཞུ་བརྒྱུད་བདེ་ལེགས་སྡེ་ཁུལ་གྱི་གྲོང་མིའི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། སླད་ཕྱིན་བདེ་ལེགས་སྡེ་ཁུལ་གྱིས་དང་བླངས་ཞབས་ཞུའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། སྡེ་ཁུལ་གྱི་དང་བླངས་ཞབས་ཞུ་དེ་བས་གསོན་ཤུགས་ལྡན་པར་བྱས་ཏེ། སྡེ་ཁུལ་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གང་ཐུབ་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།