དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་ཁང་དུ་ཁྱབ་གདལ་བཏང་བ།

    —— བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཝང་ཡན་ཀྲི་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    ཉེ་ཆར། མཐོ་སློབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཇི་ལྟར་སྐྱེད་སྲིང་དང་ལག་ལེན་བསྟར་བའི་སྐོར་ལ་གསར་འགོད་པས་བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཝང་ཡན་ཀྲི་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

    “མཐོ་རིམ་སློབ་གླིང་དང་སློབ་གྲྭས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཇི་ལྟར་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་ནི་མིག་སྔའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་པས་ཐོག་མཐའ་བར་གསུམ་དུ་འཚོལ་ཞིབ་གཏིང་ཟབ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད”ཝང་ཡན་ཀྲི་ཡིས་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་འཐབ་ས་གཙོ་བོ་ཡིན་པའི་བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས《དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སོགས་ཡིག་ཆའི་བླང་བྱ་རབ་དང་རིམ་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་གཏན་འབེབས་སློབ་ཚན་གང་ལེགས་འཁྲིད་དགོས་པའི་བླང་བྱ་བཏོན་ཡོད། ཕྱོགས་གཅིག་ནས《བསམ་བློ་ཀུན་སྤྱོད་དང་ཁྲིམས་སྐྱོང》སློབ་ཚན་གྱི་ལེའུ་བཞི་པ་དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རགས་གླེང》 སློབ་ཚན་གྱི་ལེའུ་བཅུ་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱས་བཤད་གཏིང་ཟབ་བྱས་ཡོད། ཕྱོགས་གཞན་ཞིག་ནས་མཉམ་སྡེབ་སློབ་ཁྲིད་གྲ་སྒྲིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་། དངོས་གཞི་ཚན་ཁག རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་ཆེད་ལས་སློབ་ཚན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ཡོད་ཅེས་བཤད།

    བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཀོད་སྒྲིག་ཚད་ལྡན་བྱས་པ་ཕུད། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ད་དུང“ལོ་རྒྱུས་བཞི”དང“བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས”ཀྱི་བསམ་བློ་ཆབ་སྲིད་ཀྱི་བདམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ད་དུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ”དང་། “རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ” “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ” “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ” “མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བའི་སློབ་གསོ” “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ”སོགས་ཆེད་དོན་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ཡོད།

    དེ་དང་ཆབས་ཅིག་ལས་ཀའི་ལག་ལེན་ཁྲོད་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་། བསམ་བློ་ཆབ་སྲིད་ཀྱི་བདམས་སྦྱོང་སློབ་ཚན། ཆེད་དོན་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་བཅས་རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་དོ་དམ་དང་ཟུང་འབྲེལ་དམ་ཟབ་བྱས་པར་བརྟེན་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་། བསམ་བློ་ཆབ་སྲིད་ཀྱི་བདམས་སྦྱོང་སློབ་ཚན། ཆེད་དོན་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་དོ་དམ་བཅས་མཉམ་དུ་སྤེལ་ཐུབ་པ་བྱུང་སྟེ་བསམ་བློ་ཆབ་སྲིད་ཀྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་མ་ཟད། “བསམ་བློ་ཆབ་སྲིད་ཆེན་པོར”བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད།

    ཝང་ཡན་ཀྲི་ཡིས། སློབ་མ་དང་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་སྔར་བས་ཡག་པོ་བྱ་ཆེད། བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིག་ཚན་གྱི་ཞིབ་འཇུག་སློབ་མ་ལས་གྲུབ་པའི“དུས་རབས་ཀྱི་གདོང་ལེན་པའི”རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་སློབ་གྲྭར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སོགས་སྒྲོག་འགྲེལ་བྱས་ཡོད། དེ་དང་ཆབས་ཅིག་སྒྲོག་འགྲེལ་ཚོགས་པས་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་དང་མཉམ་ལས་དམ་ཟབ་བྱས་ནས་དབྱར་གསེང་རིང་བོད་ཀྱི་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཏང་གི་དམངས་ཕན་སྲིད་ཇུས་སོགས་སྒྲོག་འགྲེལ་བྱས་ཡོད་ཅེས་བཤད།

    ཝང་ཡན་ཀྲི་ཡིས། བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་སོགས་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ“གྲོས་གཞི་དང་པོར”བརྩི་བ་དང་། སློབ་དུས་འགོ་མ་ཚུགས་གོང་དགེ་རྒན་དང་ལས་བཟོའི་ཚོགས་འདུ་འཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་ཏེ་དགེ་རྒན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་དགེ་རྒན་ཡག་པོ་ཞིག་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད། དེ་དང་ཆབས་ཅིག་བོད་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་པའི་གསོ་སྦྱོང་རྟེན་གཞི་དང་ཟུར་ཁྲིད་པའི་གསོ་སྦྱོང་རྟེན་གཞི་སོགས་ཀྱི་ལས་སྟེགས་བརྒྱུད། རྣམ་པ་སྣ་ཚོགས་ཀྱི་གསོ་སྦྱོང་ལས་དོན་སྤེལ་ནས་བོད་ཀྱི་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྤེལ་རེས་དང་བགྲོ་གླེང་བྱེད་ཀྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།