ཟླ་བ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་6.9%འཕར་བ།
འཛད་སྤྱོད་བྱེད་ཚད་རྒྱུན་མཐུད་སླར་གསོ་དང་འཕར་བཞིན་པ།
▲ ཟླ་བ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་38.54ཟིན་པ་དེ་དུས་མཚུངས་ལས་6.9%འཕར་ཡོད།
▲ ཟླ་བ་བཅུ་པར་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.3ཟིན་པ་དེ་དུས་མཚུངས་ལས་7.6%འཕར་བ།
གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.7ཟིན་པ་དེ་དུས་མཚུངས་ལས་7.4%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་5854ཟིན་པ་དེ་དུས་མཚུངས་ལས་8.9%འཕར་ཡོད།
གསར་འགོད་པས་ཉེ་ཆར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་བ་བཅུ་པར་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.3ཟིན་པ་དེ་དུས་མཚུངས་ལས་7.6%འཕར་ནས་འཕར་ཚད་ཟླ་དགུ་པ་དང་བསྡུར་ན་བརྒྱ་ཆའི་གྲངས་2.1གིས་མགྱོགས་པ་དང་བསྟུད་མར་ཟླ་བ་3འཕར་ཡོད། ཟླ་བ་དང་པོ་ནས་བཅུ་པའི་རིང་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་38.54ཟིན་པ་དེ་དུས་མཚུངས་ལས་6.9%འཕར་ཡོད།
ཚོང་ཟོག་འཛད་སྤྱོད་ཀྱི་འཕར་ཚད་མགྱོགས་སུ་སོང་ཞིང་། ཟླ་བ་བཅུ་པར་ཚོང་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་6.5%འཕར་ནས་འཕར་ཚད་ཟླ་དགུ་པ་དང་བསྡུར་ན་བརྒྱ་ཆའི་གྲངས་1.9ཡིས་མགྱོགས་པ་ཡོད། ཕྱི་རོལ་ལུས་སྦྱོང་དང་། གློག་རྡུལ་ཐོན་རྫས་གསར་པ། ནུས་རྒྱུ་གསར་པའི་རླངས་འཁོར། རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་རིམ་འཕར་རིགས་ཀྱི་ཚོང་ཟོག་འཕར་སྟངས་ཅུང་ཡག་པོ་ཡོད། བཅད་གྲངས་ཡན་གྱི་ཚན་པའི་ལུས་རྩལ་དང་རོལ་རྩེད་ཀྱི་མཁོ་ཆས་དང་། འཕྲིན་གཏོང་ཡོ་བྱད། རླངས་འཁོར། ཁྱིམ་སྤྱོད་གློག་ཆས་བཅས་སིལ་ཚོང་དངུལ་འབོར་དེ་དུས་མཚུངས་ལས་25.7%དང་། 14.6% 11.4% 9.6%བཅས་སོ་སོར་འཕར་ནས་ཟླ་བ་དགུ་པ་ལས་བརྒྱ་ཆའི་གྲངས་15.0དང་། 14.2 8.6 11.9བཅས་སོ་སོར་མགྱོགས་མྱུར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་འཚོང་ཚད་དུས་མཚུངས་ལས་33.5%འཕར་བ་དེས་རླངས་འཁོར་གསར་པ་འཚོང་ཚད་ཀྱི་བསྡུར་ཚད་ནང་33.5%བཟུང་ཡོད།
ཞབས་ཞུའི་འཛད་སྤྱོད་བྱེད་ཚད་མགྱོགས་ཙམ་འཕར་ཡོད་ཅིང་། ཟླ་བ་དང་པོ་ནས་བཅུ་པའི་བར་ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་19%འཕར་ཡོད། དུས་ཆེན་གྱི་ཕན་འབྲས་སོགས་རྒྱུ་རྐྱེན་གྱི་སྐུལ་ཁྲིད་འོག་ཞག་སྡོད་བཟའ་བཏུང་དང་། རིག་གནས་ཡུལ་སྐོར། འགྲིམ་འགྲུལ་འགྲུལ་བཞུད་སོགས་ཞབས་ཞུའི་འཛད་སྤྱོད་དགོས་མཁོ་གཅིག་སྡུད་ཐོག་ཆེ་རུ་ཕྱིན་ཡོད། ཟླ་བ་བཅུ་པར་བཟའ་བཏུང་གི་ཡོང་འབབ་སྒོར་དུང་ཕྱུར་4800ཟིན་པ་དེ་དུས་མཚུངས་ལས་17.1%འཕར་བ་དང་། གློག་བརྙན་གྱི་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་36ཡན་ཟིན་པ་དེ་འཕར་ཚད་བཅུ་ཆ་བདུན་ཙམ་ཟིན་ཡོད།
དྲ་ཐོག་གི་སིལ་ཚོང་འཕར་ཚད་ཅུང་བཟང་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་དྲ་ཐོག་གི་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་12.3ཟིན་པ་དེ་དུས་མཚུངས་ལས་11.2%འཕར་བའི་ནང་ཅ་དངོས་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་10.3ཟིན་པ་དེ་དུས་མཚུངས་ལས་8.4%འཕར་བ་དེས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་དངུལ་འབོར་གྱི་བསྡུར་ཚད་ནང་26.7%བཟུང་ཡོད།
དངོས་ཚན་ཚོང་ཁང་གི་སིལ་ཚོང་རྒྱུན་མཐུད་ངང་སླར་གསོ་བྱུང་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་རིང་བཅད་གྲངས་ཡན་གྱི་ཚོང་ཁང་གི་སིལ་ཚོང་དངུལ་འབོར་དེ་དུས་མཚུངས་ལས་4.3%འཕར་བ་དང་འཕར་ཚད་ཟླ་བ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.3གྱིས་མགྱོགས་པ་ཡོད། དེའི་ནང་སྟབས་བདེའི་ཚོང་ཁང་དང་། བརྒྱ་ཟོག་ཚོང་ཁང་། ཆེད་ལས་ཚོང་ཁང་། སྤུས་རྟགས་ཆེད་ཚོང་ཁང་བཅས་ཀྱི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་7.3%དང་། 7.2% 4.7% 3.6%བཅས་སོ་སོར་འཕར་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་བརྟན་པོའི་ངང་འཕར་སྣོན་བྱུང་ཞིང་། ཟླ་བ་བཅུ་པར་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.7ཟིན་པ་དེ་དུས་མཚུངས་ལས་7.4%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་5854ཟིན་པ་དེ་དུས་མཚུངས་ལས་8.9%འཕར་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར་གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་33.39དང་སྒོར་དུང་ཕྱུར་ཁྲི་5.16སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.8%དང་7.6%སོ་སོར་འཕར་ཡོད་པ་རེད།