2023ལོའི་འཛམ་གླིང་རིག་དངོས་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་དངོས་མང་སྟོན་ཚོགས་འཚོགས་པ།
ཟླ་11ཚེས་25ཉིན། དུས་ཡུན་ཉིན་གསུམ་གྱི་2023ལོའི་འཛམ་གླིང་རིག་དངོས་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དངོས་མང་སྟོན་ཚོགས་དང་མཉམ་ལས་ཚོགས་ཆེན་གྲོལ་ཞིང་། སྐབས་འདིའི་དངོས་མང་སྟོན་ཚོགས་ལ་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་དང་ཁྲེང་ཏུའུ་གྲོང་ཁྱེར་རིག་དངོས་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་རིག་དངོས་སྲུང་སྐྱོབ་ལག་རྩལ་མཐུན་ཚོགས་དང་ཀྲུང་གོ་རིག་དངོས་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པ། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་སི་ཁྲོན་ཞིབ་འཇུག་ཁང་གིས་གཉེར་འགན་ཁུར་ཡོད། འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་སྐུ་མགྲོན་བརྒྱ་ལྷག་ཙམ་ཞུགས་ཡོད་པ་རེད།
དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་ཞིང་། ཧྲན་ཤིས་དང་། ཅང་སུའུ། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན་སོགས་ཀྱིས་འབྲེལ་ཡོད་ཚན་པ་དང་ཁེ་ལས་འགྲེམས་ཚོགས་ལ་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཡོད། འགྲེམས་སྟོན་བྱ་ཡུལ་དུ་རིག་དངོས་གནའ་ཤུལ་འགྲེམས་ཁུལ་དང་། རིག་དངོས་སྲུང་སྐྱོབ་སྒྲིག་ཆས་འགྲེམས་ཁུལ། རིག་གནས་ཐོན་ལས་ཕྱོགས་བསྡུས་འགྲེམས་ཁུལ་སོགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དང་གླེང་སྟེགས་བྱེད་སྒོ་སྤེལ་ཁུལ་5བཀོད་པར་མི་ཐེངས་ཁྲི་ཡན་ལྟ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།