དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནད་ཁུངས་དུ་མས་བྱིས་པར་དབུགས་ལམ་གྱི་འགོ་ནད་ཕོག་གི་ཡོད་པས་ཁྱིམ་བདག་གིས་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར་བྱང་ཕྱོགས་ས་ཁུལ་དུ་དབུགས་ལམ་གྱི་འགོ་ནད་མང་པོ་ཕོག་པའི་དུས་ཚིགས་ཤར་ནས་ཆམ་རིམས་ཀྱི་ནད་དུག་དང་། གློ་ཚད་ཀྱི་ནད་སྲིན། གཤེར་རྨེན་གྱི་ནད་དུག དབུགས་ལམ་གྱི་ནད་དུག་སོགས་ནད་སྲིན་དུ་མ་མཉམ་དུ་འགོ་བའི་རྣམ་པ་ཐོན་ཡོད། བྱིས་པ་ཚ་བ་རྒྱས་པ་དང་། གློ་གོག་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་སྐབས་ཁྱིམ་བདག་གིས་ཇི་ལྟར་བྱེད་དགོས་སམ། ནད་སྲིན་གང་འགོས་པ་དབྱེ་འབྱེད་ཇི་ལྟར་བྱེད་དགོས་སམ་ཞེ་ན། གསར་འགོད་པས་དེའི་སྐོར་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས་པ་ཡིན།

    པེ་ཅིང་བྱིས་པའི་སྨན་ཁང་དབུགས་ལམ་ཚན་ཁག་དང་པོའི་གཙོ་བཅོས་སྨན་པ་ཆིན་ཆང་གིས། གློ་ཚད་ཀྱི་ནད་སྲིན་སྤྱིར་ན་སློབ་གྲྭར་འགྲོ་བའི་བྱིས་པར་འགོ་ཡི་ཡོད། ལོ་ཅུང་ཆེ་བའི་བྱིས་པར་འགོ་སྐབས་ཐོག་མར་ཚ་བ་རྒྱས་པ་དང་སྐམ་གློ་གོག་པའི་ནད་རྟགས་ཐོན་མོད། འོན་ཀྱང་ཆམ་རིམས་ཕོག་པའི་ཐོག་མའི་ནད་རྟགས་ནི་གློ་བུར་དུ་ཚ་བ་ཆེན་པོ་རྒྱས་པ་དང་ལུས་པོ་ཡོངས་ན་ཡི་ཡོད། ལོ་ཅུང་ཆེ་བའི་བྱིས་པ་འགའ་ཞིག་ལ་མགོ་ན་བའམ་ཡང་ན་རུས་ཚིགས་ན་བ་དང་། ལོ་ན་ཆུང་བའི་ཕྲུ་གུས་ན་ཚུལ་བརྗོད་མི་ཤེས་ཤིང་རྣམ་ཀུན་དང་མི་འདྲ་བ། ཕྲུ་གུ་དམར་འབྱར་ཉ་བེ་ཉོ་བེར་གྱུར་བ་སོགས་ཀྱི་རྣམ་པ་ཐོན་སྐབས་ཁྱིམ་བདག་གིས་དོ་སྣང་བྱེད་དགོས་ཞེས་བརྗོད།

    “གཤེར་རྨེན་གྱི་ནད་དུག་དང་། ཡ་མའི་ནད་དུག ཆམ་རིམས་ཕལ་པའི་ནད་དུག་སོགས་ཀྱང་དབུགས་ལམ་འགོ་ནད་ཀྱི་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ནད་སྲིན་ཡིན་མོད། འོན་ཀྱང་ནད་དུག་དེ་དག་ཆེད་མངགས་བཅོས་པའི་སྨན་མེད་པས་ནད་གཞིའི་འགྱུར་ལྡོག་ལ་གཞིགས་ནས་ནད་བསྟུན་སྨན་བཅོས་བྱེད་དགོས་ཀྱི་ཡོད། གཤེར་རྨེན་གྱི་ནད་དུག་ལ་རིགས་ཧ་ཅང་མང་བའི་ནང་གི་མང་ཆེ་བ་སྐྱོན་མེད། དེའི་ནང་གི་རིགས་ཁ་ཤས་འགོས་ན་ལོ་གཉིས་མན་གྱི་བྱིས་པར་གཤེར་རྨེན་ནད་དུག་གི་གློ་ཚད་ཅུང་ཚབས་ཆེན་ཕོག་སྟེ། ཚ་བ་རྒྱུན་ཆད་མེད་པར་རྒྱས་པའི་ནད་རྟགས་ཐོན་ཞིང་། སྤྱིར་བཏང་གི་སྨན་བཅོས་བྱས་ཀྱང་དྲག་སྐྱེད་འགྲོ་འགོར་བ་དང་། དུས་མཚུངས་སུ་དབུགས་ལམ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ནས་དབུགས་རྔུབ་དཀའ་བ་དང་། གློ་གོག་པ། དབུགས་ཧད་པ་སོགས་ཀྱི་ནད་རྟགས་མངོན་གསལ་ཆེ་ཙམ་ཡོད་པ། ཐ་ན་རྣམ་འགྱུར་ལའང་འགྱུར་ལྡོག་ཆེ་བས་ཁྱིམ་བདག་གིས་མཐོང་ཆེན་བྱེད་དགོས། ལོ་ན་ཅུང་ཆེ་བའི་བྱིས་པ་ཁ་ཤས་ལ་གཤེར་རྨེན་གྱི་ནད་དུག་བརྟག་དཔྱད་བྱེད་སྐབས་གདགས་གཤིས་ཡིན་སྲིད་པས། གལ་ཏེ་དབུགས་ལམ་འོག་མར་འགོས་པའི་ནད་རྟགས་མངོན་གསལ་དོད་པོ་མེད་ན། ཁྱིམ་དུ་ནད་བསྟུན་སྨན་བཅོས་བྱས་ན་འགྲིག”ཅེས་ཆིན་ཆང་གིས་བརྗོད།

    ཡ་མའི་ནད་དུག་དང་ཆམ་རིམས་ཕལ་པའི་ནད་དུག་སོགས་འགོས་ན་སྤྱིར་ན་ཆམ་པ་དང་འདྲ་བར། ཚན་རིག་དང་མཐུན་པའི་བདག་སྐྱོང་དང་ནད་བསྟུན་སྨན་བཅོས་བྱེད་པ་དང་སྦྲགས་ཆུ་མང་ཙམ་བཏུངས་ན་དྲག་སྐྱེད་མགྱོགས་པོ་ཡོང་ཐུབ། ནད་འགོག་ནུས་པ་ཆུང་བའམ་རྨང་གཞིའི་ནད་ཕོག་པའི་བྱིས་པ་ཉུང་ཤས་ལ་ཆ་མཚོན་ན། ནད་དུག་འགོས་ནས་དབུགས་ལམ་འོག་མར་གནོད་འཚེ་བཏང་ན་འགོ་ནད་ཚབས་ཆེ་རུ་འགྲོ་སྲིད། གནས་ཚུལ་དེ་རིགས་ཐོན་ཉུང་ཉུང་རེད། གལ་སྲིད་ནད་རྟགས་དེ་རིགས་ཐོན་ཚེ་ནད་ཐོག་སྨན་བཅོས་སྨན་པས་བརྟག་དཔྱད་གསལ་པོ་བྱེད་དགོས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།