དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སེ་ནེ་ཀལ་གྱི་ཏ་ཁར་གྲོང་ཁྱེར་གྱི་གྲོང་སྲིད་འགྲིམ་འགྲུལ་ལམ་གཤོང་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-28

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སེ་ནེ་ཀལ་གྱི་ཏ་ཁར་གྲོང་ཁྱེར་གྱི་གྲོང་སྲིད་འགྲིམ་འགྲུལ་ལམ་གཤོང་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་ཉིན་ཤས་གོང་རྒྱལ་ཁབ་དེའི་རྒྱལ་ས་ཏ་ཁར་དུ་འཚོགས་ཤིང་། སེ་ནེ་ཀལ་གྱི་ཙུང་ལི་ཨཱ་མཱ་ཏུའུ.པཱ་དང་། སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞའོ་ཧན་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

    ཨཱ་མཱ་ཏུའུ·པཱ་ཡིས་ཚེས་25ཉིན་འཚོགས་པའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཏ་ཁར་གྲོང་སྲིད་འགྲིམ་འགྲུལ་ལམ་གཤོང་རྣམ་གྲངས་སྐྲུན་པ་བརྒྱུད་རྒྱལ་ས་ཏ་ཁར་གྱི་འགྲིམ་འགྲུལ་རྣམ་པ་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་དང་། ཅེ་སི་—ཐུའུ་པཱ་མྱུར་བགྲོད་གཞུང་ལམ་དང་ཧྥང་ཅིའུ་ཉི་ཟམ་ཆེན་སོགས་ཚུད་པའི་ཀྲུང་སེའི་མཉམ་ལས་རྣམ་གྲངས་ལས་སེ་ནེ་ཀལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།

    ཞའོ་ཧན་གྱིས་ཤིས་ཚིག་སྒྲོན་སྐབས། ཏ་ཁར་གྱི་གྲོང་སྲིད་ལམ་གཤོང་རྣམ་གྲངས་ལས་ཀྲུང་སེ་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་ཆེན་པོ་མངོན་ཡོད་ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་དང་སེ་ནེ་ཀལ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་ལ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱང་ཡིན། ཀྲུང་གོས་རྒྱལ་ཁབ་གཉིས་དབར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།