དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་དྲོད་རླངས་འདོན་སྟངས་སྣ་ཚོགས་ལ་བརྟེན་ནས་ དྲོ་སྐྱིད་ལྡན་པའི་དགུན་ཁ་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཞིང་། མིག་སྔའི་བར། ལྗོངས་ཡོངས་སུ་རྫོང(གྲོང་ཁྱེར་དང་ཆུས)དང་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་25བསྐྲུན་ཟིན་པ་དང་། རྫོང(གྲོང་ཁྱེར་དང་ཆུས)དང་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་8སྐྲུན་བཞིན་ཡོད་པར་སྤྱིའི་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3224ཟིན་ནས་མི་འབོར་ཁྲི་70ལ་ཁྱབ་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་གྱི་19.2%ཟིན་ཡོད།

    བོད་ལྗོངས་མཚོ་བོད་ས་མཐོར་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་གྱི་ཡོད། དགུན་ཁ་ཡུན་རིང་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེན་པོ་ཡོད། དགུན་དུས་ཀྱི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་3.9ཟིན་པ་དང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་46.4ཟིན་པ། ལོ་ཧྲིལ་པོར་དྲོད་ཚད་ཧྲེ་ཧྲི་ཏུའུ་5ལས་དམའ་བའི་དུས་ཡུན་ཉིན་200ཟིན་པ། ས་ཁུལ་མང་ཆེ་བ་ནི་མཐོ་གྲང་དང་ས་བབ་མཐོ་བའི་དམའ་གནོན་གསོ་རླུང་མི་འདང་བའི་ས་ཁུལ་རེད། དེར་བརྟེན་རང་ལྗོངས་ཀྱིས་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱེད་དགོས་ངེས་རེད།

    2012ལོར་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་རེད། འདས་ཟིན་པའི་ལོ་11རིང་། ལྷ་ས་གྲོང་ཁྱེར་དུ་རང་བྱུང་སོལ་རླངས་སྤྱོད་མཁན་དུད་ཚང་ཁྲི་14.91བར་མང་དུ་ཕྱིན་ཡོད། མིག་སྔར། ལྷ་སར་རང་བྱུང་སོལ་རླངས་གཙོ་བོར་བྱས་པ་དང་།གློག་དང་། ཉི་ནུས། ཚ་འཐེན་འཕྲུལ་ཆས་སོགས་ནུས་རྒྱུ་གཙང་མ་ཕན་ཚུན་གསབ་རེས་ཀྱི་ནུས་རྒྱུའི་གྲུབ་ཆ་བཙུགས་པས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཕྱིན་པ། མ་འཇོག་ཁོར་ཡུག་ལེགས་སུ་ཕྱིན་པ། ལྷ་སའི་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་བཅས་བྱུང་ཡོད།

    མངའ་རིས་ས་ཁུལ་ལ“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་པ་དང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་སའི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི་4200ལྷག་ཟིན་པ་དང་། ལོ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་0ལས་དམའ་བའི་དུས་ཡུན་ཉིན་217ཟིན་ཞིང་། ལོ་རྒྱུས་ཀྱི་དྲོད་ཚད་དམའ་ཤོས་ཀྱི་ཟིན་ཐོ་ནི་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་36.7ཡིན་པ་རེད། 2016ལོར་སེང་གེ་ཁ་འབབ་ཀྱི་དྲོད་རླངས་དང་གློག་མཉམ་གཏོང་གི་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ནས་སེང་གེ་ཁ་འབབ་གྲོང་རྡལ་མང་ཚོགས་ཀྱིས་ལྕི་བ་འབུད་པ་སོགས་སྲོལ་རྒྱུན་གྱི་དྲོད་ལེན་ཐབས་མཚམས་བཞག་ནས་ནུས་རྒྱུ་གཙང་མ་སྤྱད་དེ་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་གྱི་ཡོད།

    འདི་ལོའི་ཟླ་10པའི་ཟླ་དཀྱིལ་དུ་ཁ་བ་ཆེན་པོ་ཞིག་བབས་ནས་ནག་ཆུ་གྲོང་ཁྱེར་དུ“མཚན་གཅིག་ལ་དགུན་ཁ་ཤར”མོད། འོན་ཀྱང་ས་གནས་དེ་གའི་ཡུལ་མིས་སེམས་ཁྲལ་མི་བྱེད་པར། བྱ་སྤུའི་སྟོད་ཐུང་གྱོན་པ་དང་ཁྱིམ་གྱི་དྲོད་རླངས་གཏོང་འགོ་ཚུགས་ཡོད། ས་གནས་དེ་གའི་མང་ཚོགས་ཀྱི་དགུན་དུས་དྲོད་ལེན་གནད་དོན་ཐག་གཅོད་བྱ་ཆེད། 2016ལོར་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་སྟེ་བོད་ལྗོངས་ནག་ཆུ་གྲོང་རྡལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། མིག་སྔར་ནག་ཆུ་གྲོང་ཁྱེར་གྱི་ཉི་མ་དང་། མཚོ་གཉིས། ཨ་མདོ། སྙན་རོང་། ཤན་རྩ། ལྷ་རི་སོགས་རྫོང་དང་། ས་བབ་མཐོ་བའི་ཤང་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ཚང་མ་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་ནས་གྲང་ངར་ཆེ་བའི་དགུན་དུས་སུ་གྲོང་མིར་དྲོ་སྐྱིད་སྦྱིན་ཡོད།

    རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་ཀྱིས་ལག་བསྟར་བྱས་པའི་རྫོང(གྲོང་ཁྱེར་དང་ཆུས)གི་གྲོང་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ལ་རང་བྱུང་སོལ་རླངས་དང་། སོལ་རླངས། ས་འོག་ཚ་ནུས། ཉི་ནུས། གློག་གི་དྲོད་མཁོ་འདོན། མཁའ་རླུང་ཚ་འཐེན་འཕྲུལ་ཆས། སྐྱེ་དངོས་ནུས་རྒྱུ་སོགས་རྣམ་པ་སྣ་ཚོགས་སྤྱོད་བཞིན་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གཙོ་བོར་རང་བྱུང་སོལ་རླངས་ཀྱིས་དྲོད་མཁོ་འདོན་བྱེད་པ་དང་། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱིས་སོལ་རླངས་ཀྱི་དྲོད་རླངས་དང་གློག་མཉམ་གཏོང་ངམ་ཡང་ན་སོལ་རླངས་ཀྱི་ཁྲོ་ཐབ་དང་། གློག་གི་ཁྲོ་ཐབ། དེ་བཞིན་སྐྱེ་དངོས་ནུས་རྒྱུའི་ཁྲོ་ཐབ་བཅས་སྤྱད་ནས་དྲོད་མཁོ་འདོན་བྱེད་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། དེ་བཞིན་ཆབ་མདོ་གྲོང་ཁྱེར་གཏོགས་ཁོངས་ཀྱི་རྫོང(ཆུས)ཁག་གཅིག་ལ་ཉི་འོད་ཚ་ནུས་དང་། གློག་གི་ཁྲོ་ཐབ། མཁའ་རླུང་ཚ་འཐེན་འཕྲུལ་ཆས། སྐྱེ་དངོས་ནུས་རྒྱུའི་ཁྲོ་ཐབ། སོལ་རླངས་ཀྱི་ཁྲོ་ཐབ་སོགས་སྤྱོད་བཞིན་ཡོད། སྐྲུན་བཞིན་པའི་དྲོད་མཁོ་འདོན་རྣམ་གྲངས་ལ་གཙོ་བོ་ས་འོག་ཚ་ནུས་དང་། ཉི་འོད་ཚ་ནུས། མཁའ་རླུང་ཚ་འཐེན་འཕྲུལ་ཆས་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།