ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འཆར་གཞིའི་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞིའི་ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
སྤེལ་རེས་ཚོགས་འདུར་ས་གནས་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ནས་ཡོང་བའི་ཚོགས་ཞུགས་འཐུས་མིས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་། བྱེད་ཐབས། ལག་ལེན་བཅས་ལ་དམིགས་ནས་སྤེལ་རེས་བྱས་པ་རེད། ཚོགས་ཞུགས་མི་སྣས། ཡུལ་སྐོར་ལས་དམངས་ལ་ཕན་པ་སྐྲུན་པ་དང་ཡུལ་སྐོར་གྱི་སྐུལ་ཁྲིད་ནུས་པ་སྔར་བས་བཏོན་ནས་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དང་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས། “འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གསུམ”ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་གནས་ཡུལ་སྐོར་གྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ནས་རིག་དངོས་གནའ་ཤུལ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལོ་རྒྱུས་ཀྱི་རིན་ཐང་དང་དུས་རབས་ཀྱི་དོན་སྙིང་སྔོག་འདོན་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་ཉམས་ལེན་ཁྲོད་ནས་ཀྲུང་ཧྭའི་རིག་གནས་ཚོར་ཐུབ་པ་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།