“མཐུན་སྦྱོར་མཉམ་འདྲེས་བྱ་ཐབས”ཡག་པོ་སྤྱད་ནས་ས་ཁོངས་མཉམ་ལས་དང་། གྲོང་སྦྲེལ་མཉམ་སྐྲུན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
“བསམ་ཇུས་གཅིག”ཡག་པོ་བཀོད་ནས“མཉམ་གཞས་ཆེན་པོ”ཡག་པོ་བཏང་བ།
འདི་ནི་གསེར་མདོག་ཅན་གྱི་བྱང་རྩྭ་ཐང་གི་རྣམ་པ་ཡིན་པ།
ཤར་གྱི་སྣེ་མོར་གནས་པའི་སོག་རྫོང་དཀར་མོ་ཤང་ནས་ནུབ་ཀྱི་སྣེ་མོར་གནས་པའི་ཉི་མ་རྫོང་འབྲོང་ཚང་ཤང་བར་ལ་ཧ་ལམ་བར་ཐག་སྤྱི་ལེ་1200ཙམ་ཡོད་ཅིང་ལམ་ཐག་རིང་པོ་ལས་ནག་ཆུ་གྲོང་ཁྱེར་གྱི་སྲིད་འཛིན་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་ར་སྤྲོད་ཐུབ་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པས་མཐོ་གྲང་རྩྭ་ཐང་དེར“མེས་རྒྱལ་རླབས་པོ་ཆེའི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར”དང“སྐམ་སའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར”ཞེས་བརྗོད་ཀྱི་ཡོད།
འོན་ཀྱང་ས་བབ་མཐོ་བ་དང་རྒྱ་ཁྱོན་ཆེ་བ་ལས་བོད་བྱང་ཐང་འཕེལ་རྒྱས་གཏོང་བར་དཀའ་གནད་ཁག་གཅིག་ཕྲད་པ་སྟེ། འབྲོག་ལས་ཆེ་ཡང་སྟོབས་ཆུང་བ་དང་། ཐོན་ཁུངས་དམིགས་བསལ་ཡིན་ཡང་ཕུལ་བྱུང་མིན་པ། ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ། མཉམ་སྡེབ་དཔལ་འབྱོར་ཁ་ཐོར་དང་ཉམས་ཞན་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད། དཀའ་གནད་མིག་མདུན་དུ་མངོན་པ་དང་འགོག་རྐྱེན་ཡང་ཆེ་རུ་འགྲོ་བཞིན་ཡོད་པས་དཀའ་གནད་ལས་ཇི་ལྟར་སྒྲོལ་དགོས་སམ་ཞེ་ན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་བ་དང་སྐུ་ངོ་མས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་གནང་ཡོད། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁོངས་དབར་གྱི་མཐུན་སྦྱོར་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དེ་ལས་ས་ཁོངས་དབར་གྱི་མཐུན་སྦྱོར་མཉམ་འདྲེས་ནི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བརྟག་ཐབས་སྨྲ་བ་གལ་ཆེན་ཡང་ལྡན་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“མཐོ་ཤོས”དང“ཆེ་ཤོས”ཀྱིས་དཀྲིས་པའི་རྨང་གཞི་དང་ནང་དོན་ལ་རྩོད་སྒྲུབ་ཀྱི་ངོས་ནས་ངོས་འཛིན་བྱས་པ་དང་། “མཐུན་སྦྱོར་མཉམ་འདྲེས”ལ་ཤུགས་སྣོན་བརྒྱབ་པ། རང་ཁྱིམ་གྱི“ས་ཞིང་མུའུ་གཅིག་དང་སྐར་མ་གསུམ”གྱི་བསམ་གཞིག་བྱེད་སྟངས་ལས་རང་འགུལ་ངང་སྒྲོལ་བ་བཅས་བྱས་ཏེ“བསམ་ཇུས་གཅིག”ཡག་པོ་བཀོད་ནས“མཉམ་གཞས་ཆེན་པོ”ཡག་པོ་བཏང་བ་རེད།
ཤར་དབུས་ནུབ་གསུམ་གྱི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རིམ་པ་དེ་བས་མཐོན་པོས་ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། གཉིས་ཁེ་གཉིས་ཕན། མཐུན་སྦྱོར་འཕེལ་རྒྱས་བཅས་མངོན་འགྱུར་ཐུབ་ཡོད། གྲོང་སྦྲེལ་ཏང་ཨུད་ཚོད་ལྟའི་ངང་བཙུགས་ནས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཡུག་ཁུལ་འཕེལ་རྒྱས། མཉམ་འདྲེས་མཉམ་འགུལ། ས་ཁོངས་ཧྲིལ་པོར་སྐུལ་འདེད”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས་བོད་བྱང་ཐང་གི་རིག་གནས་དང་ཡུལ་སྐོར་གྱི་མིང་བྱང་གསར་པ་བཏོད་ཡོད།
ས་ཁོངས་དབར་གྱི་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་བཀོད་པ།
2022ལོར་ནག་ཆུ་གྲོང་ཁྱེར་གྱིས་ས་ཁོངས་ཅན་གྱི་རྫོང་ཁོངས་དཔལ་འབྱོར་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་“ཤར་རྒྱུད་ཀྱི་རྫོང་གསུམ་དང་། དབུས་རྒྱུད་ཀྱི་རྫོང་བཞི། ནུབ་རྒྱུད་ཀྱི་རྫོང་བཞི”བཅས་ས་ཁོངས་གསུམ་ལ་དབྱེ་ནས་རྩ་འཛུགས་མཉམ་འབྲེལ་དང་། རྨང་གཞི་མཉམ་སྐྲུན། ཐོན་ཁུངས་འབྲེལ་མཐུད། ས་ཁོངས་མཉམ་འགུལ། འཕེལ་རྒྱས་མཉམ་སྤྱོད་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། ཁེར་རྐྱང་ངང་འཕེལ་རྒྱས་གཏོང་བ་དང་ཆུ་ཚད་དམའ་བའི་བསྐྱར་ཟློས་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་ཡོད།
ད་ཆ་ནག་ཆུའི་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཚང་མས་ས་ཁོངས་མཉམ་ལས་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་ནས། ཚད་མཐོའི་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཆེད་ལས་ཚན་ཁག་གཉེར་བ། མཉམ་ལས་ཁྱབ་ཁོངས་གཏིང་ཟབ་ཏུ་གཏོང་བཅས་བྱས་ཏེ“བཅད་ཁ་ཆུང་ཆུང”ལ་བརྟེན་ནས“མཉམ་ལས་ཆེན་པོར”སྐུལ་འདེད་བཏང་ཡོད།
ཤར་རྒྱུད་ཀྱི་ས་ཁོངས་སུ་ཉེན་དོན་མཉམ་ལས་ཀྱི་ལམ་སྲོལ་ཁག་བཅུ་བཙུགས་ནས་ས་མཚམས་ཀྱི་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་བཏང་བ་དང་། སློབ་མའི་ཆ་འཕྲིན་མཉམ་སྤྱོད་བྱས་ཏེ་རྫོང་སྒྲོལ་ནས་སློབ་ཞུགས་དཀའ་བ་དང་སློབ་གྲྭ་སྒྱུར་དཀའ་བའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ཤིང་། མིག་སྔར་རྫོང་གསུམ་གྱི་ཁྱོན་སློབ་མ་187རྫོང་སྒྲོལ་ནས་སློབ་ཞུགས་ཐུབ་པ། དབྱར་རྩྭ་དགུན་འབུའི་ཐོན་ལས་མཉམ་ལས་འཕེལ་རྒྱས་བཏང་ནས་ནག་ཆུའི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་ཀྱི་གཟུགས་བརྙན་ཡག་པོ་མཉམ་དུ་བཏོད་པ། ཤེས་ལྡན་པ་གསོ་སྐྱོང་དང་ལས་སྒོའི་མཉམ་ལས་ལྟེ་བར་བྱས་ཏེ་སྨན་བཅོས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ། རིག་གནས་དང་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་རིག་གནས་དང་རིག་རྩལ་སྤེལ་རེས་དང་འཁྲབ་སྟོན་བྱས་པ། རྫོང་གསུམ་གྱི་ཁོངས་གཏོགས་ཁུལ་གྱི་གསོལ་མགྲོན་ཁང་དུ་ཤར་རྒྱུད་རྫོང་གསུམ་གྱི་ཡུལ་སྐོར་དྲིལ་བསྒྲགས་དཔྱད་ཡིག་དང་ཡུལ་སྐོར་ཐོན་རྫས་བཤམས་སྟོན་བྱས་ཡོད་པ་རེད།
དབུས་རྒྱུད་ཀྱི་ས་ཁོངས་སུ་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ནས། ནག་ཆུར་འོ་མ་བསྡུ་བའི་ས་ཚིགས་12བཙུགས་པའི་ཁྲོད་ལྷ་རི་རྫོང་དང་ཨ་མདོ་རྫོང་དུ་དཀར་ཆུའི་ས་ཚིགས་རེ་བཙུགས་པ་དང་། ས་ཁོངས་བརྒལ་བའི་གྲང་ཕྲེང་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲང་ཕྲེང་མཛོད་ཉར་ཟོག་འགྲེམས་དེ་དབུས་རྒྱུད་ཀྱི་རྫོང་བཞིར་ཁྱབ་པའི་བརྩོན་ལེན་བྱས་པ། རྫོང་ཁག་གི་བོད་སྐྱོར་ཐོན་ཁུངས་འཆར་གཞི་ལྡན་ལ་ནུས་ལྡན་ངང་སྤྱད་དེ་ལོ་ལྟར་ཚོགས་པ་བསྒྲིགས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་དང་དེ་བཞིན་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱེད་སྒོ་སྤེལ་གྱི་ཡོད།
ནུབ་རྒྱུད་ཀྱི་ས་ཁོངས་སུ་གཙོ་གནད་ཐོག་ནུབ་རྒྱུད་ཡུལ་སྐོར་གྱི“སྐོར་ལམ་ཆེ་མོ”དང་། འབྲོག་ལས་ཐོན་ལས་ཁྱུ་ཚོགས། དངོས་ཟོག་ཐོན་ཁུངས་མཛོད། སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེར་གཏོང་། འཕྲལ་སྡོམ་རོགས་སྐྱོབ་སྤྱི་འདོམས་མཉམ་འགུལ་སོགས་ཁྱབ་ཁོངས་ཀྱི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་མཉམ་ལས་གྲོས་མཐུན་སོགས་བཞག་པ་རེད།
ས་ཁོངས་བརྒལ་ནས་མཉམ་ལས་དང་ལམ་སྲོལ་ལྟར་ལས་དོན་བསྒྲུབས་པས་ནག་ཆུའི་ས་ཁོངས་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་བྱུང་ཡོད།
“ས་ཁོངས་མཉམ་ལས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ། ཤར་རྒྱུད་རྫོང་གསུམ་གྱི་མཉམ་ལས་གཉིས་ཕན་གྱི་གོ་སྐབས་གལ་ཆེན་ཞིག་དེ་བས་ཀྱང་རེད། ས་ཁོངས་མཉམ་ལས་ཀྱི་སྒྲིག་འཛུགས་པ་དང་། སྐུལ་གཏོང་བ། མཐུན་སྦྱོར་པ་བཅས་ཡག་པོ་བྱས་ཏེ། ཞིབ་འཇུག་དང་གྲོས་མོལ་གཏན་འཁེལ་བྱས་པའི་དོན་ཚན་རེ་རེ་བཞིན་མདུན་ཕྱོགས་སུ་སྤེལ་བ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཁག་གཅིག་ཐོབ་པར་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་མཉམ་འགུལ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་ཀྱི་ཡིན”ཞེས་འབྲི་རུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཁྲེང་ཐུང་གིས་བཤད་པ་རེད།
གྲོང་སྦྲེལ་མཉམ་སྐྲུན་གྱིས་དར་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།
སྙན་རོང་རྫོང་ཉི་མ་ཤང་གཡུ་མཆོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འགན་འཁུར་བའི་དོ་དམ་ནུས་པ་ཆེ་བས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་ཤུགས་ཀྱང་ཆེན་པོ་ཡོད་མོད། འོན་ཀྱང་ཉེ་འགྲམ་གྱི་གྲོང་ཚོ་5ལ་ཕྱུག་འགྱུར་འཇོན་ཐང་ཅན་མེད་པའི་རྐྱེན་གྱིས་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་མེད། དེར་བརྟེན་ཉི་མ་ཤང་གིས་གྲོང་ཚོ་6གི་མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་ལ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། ལུང་ཆུ་པུང་གྲོང་སྦྲེལ་གྱི་མཉམ་སྡེབ་དཔལ་འབྱོར་བཙུགས་ནས་དུད་ཚང་མང་པོའི་ཐོན་སྐྱེད་ཆུང་ངུ་དེ་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཞི་ཁྱོན་ཅན་དང་ཐོན་རྫས་བྲིན་ཚོང་གཞི་གཅིག་ཅན་མངོན་འགྱུར་བྱས་པ་དང་2021ལོར་གྲོང་ཚོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་18.11ཟིན་ཡོད་པ་རེད།
འདི་ལོའི་ལོ་སྟོད་དུ་ཉི་མ་ཤང་གིས་རྫོང་ཨུད་ཀྱི་བཀོད་སྒྲིག་ལྟར་མཉམ་སྡེབ་དཔལ་འབྱོར་གྱི“གྲོང་སྦྲེལ་མཉམ་སྐྲུན”གྱི་རྨང་གཞིའི་ཐོག“གྲོང་སྦྲེལ་ཏང་ཨུད”ཀྱི་ལས་དོན་སྔོན་ལ་ཚོད་ལྟའི་ལག་བསྟར་བྱས་ཏེ་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་ནུས་པ་སྔར་བས་སྦྱིན་ཡོད། གཡུ་མཆོག་གྲོང་ཚོ་དང་དེའི་ཉེ་འགྲམ་གྱི་གྲོང་ཚོ་5ཡིས་ཉི་མ་ཤང་གི“གྲོང་སྦྲེལ་ཏང་ཨུད་གཉིས་པ”བཙུགས་ནས་རྩྭ་ར་དང་། ཕྱུགས་ཟོག མ་དངུལ་སོགས་མ་རྐང་ནང་ཞུགས་པའི་བྱེད་སྟངས་སྤྱད་ནས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མཉམ་གཏོད་མཉམ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར“གྲོང་སྦྲེལ་ཏང་ཨུད”ཁོངས་གཏོགས་ཀྱི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་22.65ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་33.3%འཕར་བ་རེད།
གྲོང་སྦྲེལ་མཉམ་སྐྲུན་ནས་གྲོང་སྦྲེལ་ཏང་ཨུད་བར་གཡུ་མཆོག་གྲོང་ཚོ་ལྟེ་བར་བྱས་པའི་གྲོང་ཚོ་6གིས་གོམ་པ་བརྟན་པོ་སྤོས་ནས་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་བསྐྱོད་པ་རེད།
“མཉམ་སྡེབ་དཔལ་འབྱོར་མཉམ་སྦྲེལ་མཉམ་སྐྲུན་བྱས་ནས་ལས་ཀའི་རྨང་གཞི་ཡག་པོ་བཏིང་ཡོད། འདི་ལོ་ང་ཚོ་སྙན་རོང་རྫོང་གིས་རང་འགུལ་ངང་གྲོང་ཨུད་རྩ་འཛུགས་པུའི་ལས་འགན་དང་དུ་བླངས་ནས་‘འབྲོག་ཁུལ་ཆེན་པོ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་གྲོང་སྦྲེལ་ཏང་ཨུད’ཀྱི་ཚོད་ལྟའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་འགོ་བཙུགས་ཡོད། སྙན་རོང་རྫོང་དུ་ཁྱོན་གྲོང་ཚོ་142ཡོད་པ་དང་ཆ་སྙོམས་བྱས་ན་གྲོང་ཚོ་རེར་རྒྱུན་སྡོད་མི་འབོར་200ཙམ་ཡོད་ཅིང་། དཔེ་མཚོན་གྱི“གྲོང་ཚོ་མང་ལ་མི་གྲངས་ཉུང་བའི”ཁོངས་སུ་གཏོགས་ཀྱི་ཡོད། ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད་མིག་སྔར་གྲོང་སྦྲེལ་ཏང་ཨུད་29བསྡུ་སྒྲིལ་བྱས་ནས་བཙུགས་པས་འགོ་ཡག་པོ་ཞིག་བཙུགས་ཡོད”ཅེས་སྙན་རོང་རྫོང་གི་གྲོང་སྦྲེལ་ཏང་ཨུད་ཀྱི་ཚོད་ལྟའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་པ་ཀྲང་ཕུང་གིས་ངོ་སྤྲོད་བྱས།
བཅར་འདྲི་བྱེད་རིང“འབྲོག་ལས་གཉེར་སྐྱོང་གི་གྲོང་སྦྲེལ་མཉམ་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་གི་གྲོང་སྦྲེལ་ཏང་ཨུད”སྐོར་གླེང་སྐབས་གྲོང་གསེབ་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་གདེང་འཇོག་ཡག་པོ་བྱས་ཡོད། འདོམ་རྒྱང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཞའོ་ཆི་ཡིས། དེ་སྔོན་རྩྭ་རའི་བདག་དབང་གཏན་འཁེལ་ཡག་པོ་ཡོང་གི་མེད། གྲོང་སྦྲེལ་ཏང་ཨུད་བཙུགས་རྗེས་གྲོང་ཚོ་ཁག་གིས་དེ་སྔོན་ཕན་ཚུན་རྩོད་རེས་བྱས་པ་ནས་ད་ཆ་ཕན་ཚུན་བསམ་ཤེས་བྱས་ཏེ་གནད་དོན་ཐག་གཅོད་ཐུབ་སོང་བས“དངོས་འབྲེལ་ཕན་ཐོགས་ཆེན་པོ་འདུག”ཅེས་བཤད། འདོམ་རྒྱང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྦྲེལ་ཏང་ཨུད་གཉིས་པའི་ཧྲུའུ་ཅི་བཀྲ་ཤིས་སྟོབས་ལགས་ཀྱིས་ཀྱང་མང་ཚོགས་ཀྱི་ངོས་ནས་བརྗོད་ན། ཐོན་ལས་འཕེལ་རྒྱས་ལ་མདུན་ལམ་བཟང་པོ་ལྡན་ཡོད་ལ། ང་ཚོ་ལས་བྱེད་པའི་ངོས་ནས་བརྗོད་ནའང་ལས་ཀའི་ཁུར་པོ་ཡང་དུ་ཕྱིན་ནས། མང་ཚོགས་ལ་དྲིལ་བསྒྲགས་དང་སྒྲིག་འཛུགས་ཁྲིད་སྟོན་བཅས་ལ་ཤུགས་སྣོན་རྒྱག་པར་ཕན་པ་ཡོད་ཅེས་བཤད། མང་ཚོགས་ཚོས་འདོམ་རྒྱང་ཤང་གི་གྲོང་སྦྲེལ་ཏང་ཨུད་དང་པོའི་ཧྲུའུ་ཅི་གཞོན་པར་བདམས་པའི་བློ་བཟང་གིས“སླད་ཕྱིན་གྲོང་ཚོ་ཁག་དང་མཉམ་དུ་སྒོ་རྩིས་ཚོང་ཁང་དང་ཇ་ཁང་སོགས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་གི་ཡིན”ཞེས་བཤད།
གནས་ཚིགས་མཐུད་སྦྲེལ་གྱིས་རིག་གནས་དང་ཡུལ་སྐོར་གྱི་མིང་བྱང་གསར་པ་བཏོད་པ།
ཨ་མདོ་རྫོང་དུ་མཁའ་ལམ་བར་ཁྱམས་དེ་ས་ཁོངས་ཡོངས་སུ་ཁྱབ་ནས་འབྲི་ཆུའི་ཆུ་ཐིགས་དང་པོ་དང་། གདང་ལའི་ལ་རྩ། གནམ་འོག་གི་ཏའོ་པན་དང་པོ་སོགས་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཡོད། ཨ་མདོ་བརྒྱུད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་པོ་ཡོད་མོད། འོན་ཀྱང་ཨ་མདོར་དམིགས་སུ་ཡོང་མཁན་ཉུང་བས་རིག་གནས་དང་ཡུལ་སྐོར་གྱི་དམིགས་སར་འགྱུར་བར་ད་དུང་བར་ཐག་ངེས་ཅན་ཞིག་ཡོད།
འདི་ལོ་ཨ་མདོ་རྫོང་གིས་རང་ངོས་ཀྱི་ལོ་རྒྱུས་དང་། རིག་གནས། སྐྱེ་ཁམས། མི་ཆོས་རིག་གནས་དང་ཁ་ཕྱོགས་བཅས་ལ་བསམ་གཞིག་བྱས་ནས་གདང་ལའི་སྒྲིག་གཤོམ་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། བོད་ནས་ཕར་འགྲོ་ཚུར་འོང་བྱེད་པའི་སྐར་ཁུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ས་ཆ་དེའི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ནང་དོན་དང་། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན། གསོན་ཉམས་དོད་པའི་འཕེལ་རྒྱས་ཀྱི་འགྱུར་ལྡོག བསམ་པའི་ཉམས་འགྱུར་བཟང་པོ་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
“ང་ཚོས་གནས་རྒྱུད་ཁྱོན་གསུམ་ནས་མཐུན་སྦྱོར་ངང་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཨ་མདོའི་གདང་ལའི་སྒྲིག་གཤོམ་ཁང་དེ་གནམ་འོག་གི་ཏའོ་པན་དང་པོ་དང་། གདང་ལའི་ལ་རྩེ། འབྲི་ཆུའི་ཆུ་ཐིགས་དང་པོ་བཅས་མཛེས་ལྗོངས་ཁུལ་དང་མཉམ་སྦྲེལ་མཉམ་སྒུལ་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་གྱི་གནས་རྟགས་གསར་པ་གཏོད་པར་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་འགྲེམས་སྟོན་གྱི་བསམ་ཕྱོགས་གསར་པ་གཅིག་ཏུ་བསྡུ་བ། རིག་གནས་དང་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གཞི་རྟེན་གསར་པ་གཏོད་པ་བཅས་བྱས་ནས་མཁའ་ལམ་བར་ཁྱམས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཁུལ་ཞིག་ཆགས་པར་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་བྱས་ཡོད”ཅེས་ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཅུན་ཐའོ་ཡིས་ངོ་སྤྲོད་བྱས།
དེ་དང་ཆབས་ཅིག་འབྲི་རུ་རྫོང་དང་སྙན་རོང་རྫོང་གིས་བཅིངས་འགྲོལ་དམག་བོད་དུ་ཡོང་བའི་ལམ་བུའི་གསར་བརྗེའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཉི་མ་རྫོང་གིས་དྭངས་ར་གཡུ་མཚོའི་མཚོ་སྐོར་གྱི་ཚན་རིག་རྟོག་ཞིབ་དང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ། སྦྲ་ཆེན་རྫོང་གིས་སྤུས་དག་གི་དཔའ་བོའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་པ་སོགས་གནས་ཚིགས་མཐུད་སྦྲེལ་གྱིས། མཛེས་ལྗོངས་ཁུལ་དབར་འབྲེལ་བ་མི་འདང་བ་དང་། ཤུལ་བཞག་ཁག་བལྟོས་བཅས་ཀྱིས་རང་ཚུགས་ཡིན་པ། དངོས་པོ་དང་མངོན་མིན་རིག་གནས་ཤུལ་བཞག་དབར་བར་ཐག་ངེས་ཅན་ཡོད་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་དབར་མཐུན་སྦྱོར་མེད་པ་སོགས་ཀྱི་གནད་དོན་ནུས་ལྡན་ངང་བསལ་བ་རེད།
རིག་གནས་ལ་བརྟེན་ནས་གཞི་ཚུགས་པ་དང་། ཡུལ་སྐོར་ལ་བརྟེན་ནས་དར་རྒྱས་བྱུང་བ། མཉམ་འདྲེས་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་བཅས་དང་རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩ་དེ་མཉམ་འདྲེས་ལ་ཐུག་ཡོད། དེ་ལྟར་བྱས་ཚེ་གཞི་ནས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི“ཚོམ་བཅད”བཏོད་པ་ནས“ལམ་ཐིག་ཚང་མ་འབྲེལ་མཐུད”དང“དྲ་དབྱིབས་ཡོངས་ཁྱབ”བར་འགྱུར་ལྡོག་ཡོང་ཐུབ།
“མཐུན་སྦྱོར་མཉམ་འདྲེས”ནང་ས་ཁོངས་གཅིག་དང་སྤྱི་ཡོངས་དབར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡོད་པས་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད། བཅར་འདྲི་བྱེད་རིང་གོམས་འཇགས་བསམ་གཞིག་དང་སྲོལ་རྒྱུན་གྱི་ཐབས་ལམ་དོར་ཏེ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་ཀྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ཏེ། ནག་ཆུའི་རྫོང་དང་ཆུས་ཁག་དང་ལས་རིགས་ཁག་གིས“མཐུན་སྦྱོར་མཉམ་འདྲེས་བྱ་ཐབས”སྔར་བས་མང་བ་སྤྱད་པས། མི་རྣམས་དགའ་འོས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་།