དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ངས་སླར་ཡང་འོད་སྣང་མཐོང་བྱུང་། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ”

    ཀྲུང་གོའི་སྨན་པས་ཁམ་ཕུ་ཁྲེའི་སྐྱ་གྲིབ་ནད་པར་གཤགས་བཅོས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཝུའུ་ཁྲང་ཝུའེ་དང་ལེའོ་ཧུང་ཆིང་།   |     སྤེལ་དུས།  2023-11-26

    ལོ་68ལ་སླེབས་པའི་ཁམ་ཕུ་ཁྲེའི་པོ་ལུའོ་མེན་ཞིང་ཆེན་གྱི་ཡུལ་མི་ཅི་ལུན་ལ་ཉིན་ཤས་གོང་ཀྲུང་གོའི་སྨན་པས་སྨན་ཡོན་མི་དགོས་པར་གཤགས་བཅོས་བྱས་པ་བརྒྱུད་མིག་གཉིས་ཀས་འོད་སྣང་མཐོང་བ་རེད། ཁོང་གི་མིག་ཤེད་སླར་གསོ་བྱུང་རྗེས་དགའ་ཐག་ཆོད་དེ་ཀྲུང་གོའི་སྨན་པར“གཤགས་བཅོས་ཧ་ཅང་ཡག་པོ་བྱུང་ནས་ངས་སླར་ཡང་འོད་སྣང་མཐོང་བྱུང་། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ”ཞེས་ཡང་ཡང་བཤད།

    ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེ་བས་གཤགས་བཅོས་ཀྱི་འགྲོ་གྲོན་སྤྲོད་ཐབས་བྲལ་སྟབས་ཅི་ལུན་གྱི་མིག་ཤེད་ཉམས་ནས་ལོ་བདུན་ཙམ་ཕྱིན་པ་དང་ཀྲུང་གོ་ཀོང་ཤིས་སྨན་བཅོས་ཚོགས་པ་དང་ཀྲུང་གོའི་ཤང་ཀང་གི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་མཉམ་སྤྱོད་ཐེབས་རྩ་ཚོགས་པས་མཉམ་ལས་བྱས་ནས་སྐྱ་གྲིབ་ནད་པར་གཤགས་བཅོས་བྱས་པ་རེད།

    2022ལོའི་ཟླ་12པར་རྣམ་གྲངས་དེ་པོ་ལུའོ་མེན་ཞིང་ཆེན་དུ་ལག་བསྟར་བྱེད་འགོ་ཚུགས་ཡོད། འཆར་གཞི་ལྟར་ན་རྣམ་གྲངས་ཚོགས་པས་ལོ་གསུམ་ནང་ཁམ་ཕུ་ཁྲེའི་སྐྱ་གྲིབ་ནད་པ་ཁྲི་1ལ་སྨན་ཡོན་མི་དགོས་པར་གཤགས་བཅོས་བྱས་པ་དང་ད་བར་ནད་པ་2300ལྷག་ཙམ་ལ་གཤགས་བཅོས་བྱས་ཟིན་པ་རེད།

    ཉེ་ཆར་གསར་འགོད་པས་པོ་ལུའོ་མེན་ཞིང་ཆེན་སྨན་ཁང་དུ་བཅར་འདྲི་བྱེད་སྐབས་སྐྱ་གྲིབ་ནད་པ་50ལྷག་ཙམ་ཀྲུང་གོའི་སྨན་པས་གོ་རིམ་ལྡན་པའི་ངང་བརྟག་དཔྱད་བྱ་རྒྱུ་སྒུག་བཞིན་ཡོད་པ་མཐོང་བྱུང་། མིག་ཤེད་སོགས་བརྟག་དཔྱད་བྱས་རྗེས་གཤགས་བཅོས་བྱ་རྒྱུར་འཚམ་པའི་ནད་པས་དང་བླངས་པའི་ཁྲིད་སྟོན་འོག་སྐོར་སྐྱོད་གཤགས་བཅོས་རླངས་འཁོར་དུ་ཡོང་ནས་གཤགས་བཅོས་དང་ལེན་བྱེད་ཀྱི་ཡོད་པ་རེད།

    ས་གནས་དེ་གའི་ནད་པ་པུའུ་ཐེ་ལུང་ནི་ཕྲུ་གུ་5ཡི་ཕ་ཡིན་པ་དང་ཁོང་ལ་ཉིན་ཤས་གོང་སྨན་ཡོན་མི་དགོས་པའི་གཤགས་བཅོས་བྱས་པ་རེད། “ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོ་ལོ་ལྟར་འདི་གར་ཡོང་ནས་ང་ཚོ་ལོང་བ་ཚོར་རོགས་རམ་བྱ་རྒྱུའི་རེ་བ་ཡོད”ཅེས་གསར་འགོད་པར་བཤད།

    མིག་སྔར་ཀོང་ཤིས་ཀྱིས་རིམ་རྩིས་བྱས་ན་སྨན་བཅོས་རུ་ཁག་ཁག་5ལ་བགོས་ནས་མི་ཐེངས་40བཏང་བ་དང་སྨན་བཅོས་རུ་ཁག་གི་སྨན་པ་ནན་ཉིང་དང་། ལིའུ་ཀྲོའུ། ཀུའེ་ལིན་སོགས་ས་གནས་ཀྱི་སྨན་ཁང་ནས་ཡོང་བ་ཞིག་རེད། བསྐྱར་མཐོང་གཤགས་བཅོས་བྱས་པ་ཕུད། སྨན་པ་ཚོས་ད་དུང་གྲོང་གསེབ་ཏུ་བསྐྱོད་དེ་སྐྱ་གྲིབ་ནད་པ་གྲལ་བཤེར་བྱས་ནས་ས་གནས་དེ་གའི་སྨན་དོན་མི་སྣར་མིག་ནད་བརྟག་དཔྱད་ཀྱི་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

    པོ་ལུའོ་མེན་ཞིང་ཆེན་སྨན་ཁང་གི་ཡོན་ཀྲང་སུའོ་སུའོ་ཕན་ཧ་ཝ་ཏའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་ཁང་གིས་ཆེད་མངགས་ས་གནས་དེ་གའི་སྨན་དོན་མི་སྣ་14མངགས་ནས་ཀྲུང་གོའི་སྨན་པའི་ལས་ཀར་གཞོགས་འདེགས་བྱས་ཡོད། སྨན་ཁང་གི་མིག་ནད་སྨན་བཅོས་ནུས་པ་མི་འདང་མོད། འོན་ཀྱང་སྐྱ་གྲིབ་སེལ་བའི་རྣམ་གྲངས་ཀྱིས་ཁམ་ཕུ་ཁྲེའི་ནད་པ་དེ་བས་མང་བར་ཕན་པ་ཐོབ་ཡོད་པ་རེད།

    ཀྲུང་གོའི་སྨན་པས་བྱས་པའི་གཤགས་བཅོས་ལ་ས་གནས་དེ་གའི་ནད་པའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། མཉམ་སྤྱོད་ཐེབས་རྩ་ལྷན་ཚོགས་ཀྱི་ཁམ་ཕུ་ཁྲེའི་སྐྱ་གྲིབ་སེལ་བའི་རྣམ་གྲངས་ཀྱི་ཀོང་ཤིས་སྨན་བཅོས་རུ་ཁག་ཁག་ལྔ་པའི་རུ་དཔོན་ཀྲའེ་ཅན་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གཤགས་བཅོས་ཀྱི་ཕན་འབྲས་ཧ་ཅང་ཡག་པོ་བྱུང་ནས་ནད་པ་90%ཡི་གཤགས་བཅོས་རྗེས་ཀྱི་མིག་ཤེད་0.6ཡན་བར་སླར་གསོ་ཐུབ་ཡོད་པ་རེད།

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཏུའུ་ཀྲེན་ཙུང་གིས་སྐྱ་གྲིབ་སེལ་བའི་རྣམ་གྲངས་ལག་བསྟར་བྱས་པ་དེས་ཁམ་ཕུ་ཁྲེའི་སྐྱ་གྲིབ་ནད་པའི་སྡུག་བསྔལ་བསལ་བ་དང་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་བཏང་བ་མ་ཟད། ཁམ་ཕུ་ཁྲེའི་མིག་ནད་སྨན་དོན་མི་སྣར་གསོ་སྦྱོང་དང་སློབ་ཁྲིད་ཀྱང་བྱས་ཡོད། རྣམ་གྲངས་དེས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་ཟབ་ཏུ་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་བར་ཕན་པ་ཐོབ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།