གཉེར་སྐྱོང་བྱེད་འགོ་ཚུགས་ནས་ཟླ་བ་གཅིག་སོང་བའི་ཅ་དབན་མྱུར་བགྲོད་ལྕགས་ལམ་དུ་འཁྲུག་ཆ་དོད་པ།
ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་ལས་ཀ་བྱེད་མཁན་དབན་ལུང་བ་པཱ་ཀུའུ་སི·ཨ་ཧོ་ལི·ལཱ་མ་ཏན་གྱི་ངོས་ནས་བརྗོད་ན། ཅ་དབན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཁོང་གི་ཕྱིར་སྐྱོད་དགོས་མཁོ་རྦད་དེ་བསྐངས་ཡོད།
“དེ་སྔོན་ང་རྟག་ཏུ་གཟའ་འཁོར་གཉིས་ནང་དབན་ལུང་ལ་ཐེངས་རེ་ལོག་གི་ཡོད། ད་ཆ་མྱུར་བགྲོད་ལྕགས་ལམ་ཡོད་པས་ཁྱིམ་དུ་ལོག་བདེ་པོ་འདུག ནམ་རྒྱུན་མེ་འཁོར་དཀྱུས་མ་བསྡད་ནས་ཆུ་ཚོད་3ལྷག་ཙམ་འགྲོ་དགོས་ཀྱི་ཡོད་པ་དང་། ད་ཆ་མྱུར་བགྲོད་ལྕགས་ལམ་ཡོད་པས་སྐར་མ་46ལས་འགོར་གྱི་མི་འདུག ལས་ཐག་བཅད་རྗེས་མྱུར་བགྲོད་ལྕགས་ལམ་བསྡད་ནས་དབན་ལུང་ལ་ལོག་པ་དང་དེ་ནས་ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཐོན་ན་ལས་ཀའི་རྗེས་ཟིན་གྱི་འདུག སྔོན་མ་དང་བསྡུར་ན་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་ལཱ་མ་ཏན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
དེ་ནི་ཧིན་རྡུ་ཉི་ཞི་ཡ་ཙམ་མ་ཟད་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་དང་པོ་དེ་ཡིན་ཞིང་། ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་350ཟིན་པ་དང་། དེ་ཅ་ཁར་ཐ་དང་ཤིས་ཀྲོ་ཝ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་ཡུལ་སྐོར་གྲགས་ཅན་གྲོང་ཁྱེར་དབན་ལུང་དང་འབྲེལ་ཡོད། ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། ཟླ་11ཚེས་17ཉིན་བར་ཅ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་ཟླ་བ་གཅིག་བྱས་པ་དང་། དེའི་རིང་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་38.3སྐྱེལ་འདྲེན་བྱས་པ་དང་ཉིན་རེའི་འགྲུལ་པ་མང་ཤོས་སྐབས98.7%ཟིན་ནས་འགྲུལ་པ་འཕར་མགྱོགས་པའི་རྣམ་པ་མངོན་ཡོད་པ་རེད།
ཅ་དབན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པའི་དུས་འགོར་ལམ་ཐིག་ཧྲིལ་པོར་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་14གཏོང་གི་ཡོད། འགྲུལ་རྒྱུན་མགྱོགས་མྱུར་འཕར་བ་དང་ཆབས་ཅིག ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་འགན་འཁུར་མཁན་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་ཚད་ཡོད་ཀུང་སིས་སྐྱེལ་འདྲེན་མེ་འཁོར་མང་དུ་བཏང་ཞིང་། ཟླ་11ཚེས་1ཉིན་ནས་བཟུང་རྒྱུན་གཏན་གྱི་ལམ་ཐིག་ཐོག་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་28མང་དུ་བཏང་བ་དང་རྐུབ་སྟེགས་8000ལྷག་ཙམ་ནས་16000ལྷག་ཙམ་བར་མང་དུ་བཏང་ཡོད། འགྲུལ་རྒྱུན་མང་བའི་གཟའ་མཇུག་ཏུ་མེ་འཁོར་36བར་མང་དུ་བཏང་ནས་འགྲུལ་པའི་དགོས་མཁོ་སྔར་བས་བསྐངས་ཡོད།