དེ་སྔའི་ཐང་རྒོད་ད་ཆ་སྔོ་ལྗང་ས་གཞིར་གྱུར་པ།
མཚོ་སྔོན་ཞིང་ཆེན་ཝུའུ་ལམ་རྫོང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཁག་བདུན་པ་བཏོད་པའི་སྐོར་གྱི་དངོས་བྲིས།
མི་རིང་བའི་གོང་སྐྱེ་ཁམས་ཁོར་ཡུག་པུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཁག་བདུན་པ་དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཁག་བདུན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། “རྒྱལ་མཚོན་མིང་ཅན”གྱི་དམིགས་བསལ་གཟི་བརྗིད་ལས་ཝུའུ་ལམ་རྫོང་འདི་ཉིད་མཚོ་ནུབ་ཀྲོའུ་ཡིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་པོ་བདེ་བླག་ངང་འཛུགས་གཏོད་བྱས་པའི་ས་ཁུལ་དུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཝུའུ་ལམ་རྫོང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། “ཆེ་ཤོས་གསུམ”གྱི་ཞིང་འབབ་ཀྱི་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ནང་ཧུར་ཐག་ཞུགས་པ། མཚོ་ནུབ་ཀྲོའུ་ཡི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མ་དཔེ་དང“ཚྭ་འདམ་གཞོང་སའི་མྱ་ངམ་ཐང་གི་སྔོ་ལྗང་གྲོང་ཁྱེར”འཛུགས་སྐྲུན་གྱི་དཔེ་སྟོན་ཧུར་ཐག་གཏོད་པ་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
“གསེར་ཡིག་མིང་བྱང”གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ།
ཏུའུ་ལན་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཝུའུ་ལམ་རྫོང་ཁོངས་དང་ཚྭ་འདམ་གཞོང་སའི་བྱང་ཤར་གྱི་མཐའ་རུ་གནས་ཤིང་། ཉེ་དུས་གནམ་གཤིས་གྲང་དུ་ཕྱིན་པ་དང་བསྟུན་ནས་མཚེའུའི་ངོགས་ཀྱི་མུའུ་བརྒྱ་ཕྲག་གི་རྩི་ཤིང་གིས་ས་གཞི་དམར་པོར་བརྒྱན། རྔ་མོང་དང་། ཁྲུང་ཁྲུང་སྐེ་ནག ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང“ས་གདན་དམར་པོ་བཏིང་འདྲའི”གནས་དེར་ཟས་འཚོལ་བ་དང་ངལ་གསོ་བཞིན་མཆིས།
ཨ་སྔོན་སྤྲིན་དཀར་དང་རི་བོ་མཐོན་པོ་གཅིག་གིས་གཅིག་ལ་བརྒྱན། མཁའ་དབྱིངས་ནས་ཐུར་ལྟ་བྱས་ཚེ། འདམ་རའི་སྤྱི་གླིང་ཧྲིལ་པོར་ཚོན་མདོག་སྣ་ལྔས་བརྒྱན་པ་དང་མཛེས་ལྗོངས་ལྟ་ན་སྡུག་པ་རི་མོ་མཁན་གྱི་པིར་རྩེ་ལས་བཞེངས་པ་ལྟར་དུ་སྣང་བ་དེ་ལས་ཡིད་དབང་འཕྲོག་པའི་ཝུའུ་ལམ་གང་ལེགས་མངོན་ཡོད།
འདམ་ར་ནི“ས་གོ་ལའི་གློ་བ”ཡིན་ཞིང་། ནགས་ཚལ་དང་། རྒྱ་མཚོ། འདམ་ར་བཅས་ནི་གོ་ལ་ཧྲིལ་པོའི་རང་བྱུང་སྐྱེ་ཁམས་ཀྱི་མ་ལག་ཆེན་པོ་གསུམ་རེད། ཉེ་བའི་ལོ་ཤས་རིང་། ཝུའུ་ལམ་རྫོང་གིས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་སྔོན་ལ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། འདམ་རར་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། གྲམ་ཐང་བཀག་སྡོམ་དང་། ནགས་གསོ། རྩྭ་གསོ། ཕྱུགས་རིགས་ཉུང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། འདམ་རའི་ཁུལ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བས། མཚེའུ་ཁུལ་གྱི་སྲོག་ཆགས་དང་རྩི་ཤིང་གི་རིགས་དང་གྲངས་འབོར་བརྟན་པོའི་ངང་སླར་གསོ་ཐུབ་ཡོད།
འདམ་རའི་ཐོན་ཁུངས་དེར་སྲུང་སྐྱོང་བྱ་ཆེད། ཝུའུ་ལམ་རྫོང་གིས་ལོ་ཤས་བསྟུད་མར་ས་ཁུལ་དེར་འཚོ་གནས་ཁུལ་སླར་གསོའི་ལས་དོན་སྤེལ་བ་དང་། བྱ་རིགས་འཚོ་གནས་ཁུལ་སྤྱི་ཆིང་2སླར་གསོ་བྱས་ཤིང་། འདམ་རའི་ནང་གི་བྱ་རིགས་ཁག་གཅིག་གི་འཚོ་བའི་གོམས་གཤིས་ལ་གཞིགས་ནས། འཚོ་གནས་ཁུལ་གྱི་ཁོར་ཡུག་ལ་འོས་འཚམ་ངང་སྒྱུར་བཀོད་བྱས་ཏེ། གཏིང་ཐུང་འདམ་རྫབ་དང་གྲམ་ཐང་སོགས་བསྐྲུན་པ་རེད།
ཝུའུ་ལམ་རྫོང་རང་བྱུང་ཐོན་ཁུངས་ཅུས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལེ་ཧྥ་ཀྲོའུ་ཡིས། ཉེ་བའི་ལོ་ཤས་རིང་། ལྟ་ཞིབ་ཚད་ལེན་དང་པར་ལེན་བྱས་པ་བརྒྱུད། མིག་སྔར་འདམ་རའི་ནང་སྒལ་རུས་ཅན་གྱི་རི་སྐྱེས་སྲོག་ཆགས་རིགས་98དང་བྱ་རིགས་29ཡོད་ཅིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་། གླག་སྐེ་སེར། རྔ་མ་དཀར་པོའི་མཚོ་གླག་སོགས་དང་། རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་སྣ་མཛེར་ངང་དཀར་དང་ཕོ་རོག་སོགས་ཁྱོན་རིགས་10 ཞིང་ཆེན་རིམ་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཁྲུང་ཁྲུང་སྐྱ་བོ་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཡོད་ཅེས་བརྗོད།
“ལྗང་མདོག་གི་རྒྱུགས་ལན”ཡག་པོ་ཕུལ་བ།
ཝུའུ་ལམ་རྫོང་ནི་མཚོ་ནུབ་ཀྲོའུ་ཡི་བྱང་ཤར་རྒྱུད་དང་མཚོ་སྔོན་པོའི་འབབ་རྒྱུད་ནུབ་ངོས་ཀྱི་ཚྭ་འདམ་གཞོང་སར་གནས་ཤིང་། ལོ་10ཡི་གོང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་བསྡོམས་སྤྱི་ཆིང་154540.9ཟིན་ནས། མཚོ་སྔོན་ཞིང་ཆེན་གྱི་བྱེ་ཐང་ཅན་གྱི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།
ད་ཆ་སྤོར་ཤིང་དང་བྱེ་ཐང་ཚེར་ཕུར་ལ་བརྟེན་ནས་བྱེ་འགྱུར་གོམ་སྟབས་ཇེ་དལ་དུ་ཕྱིན་པ་དང་། སྔོན་ཆད་བྱེ་རླུང་གིས་ཁེངས་པའི་ཡུལ་ཁམས་དེ་སྔོ་ཐིང་ངེར་གྱུར་ཡོད།
“བྱང་གསུམ”འགོག་སྲུང་ནགས་ཚལ་གྱི་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། ཝུའུ་ལམ་རྫོང་གིས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཤིང་། “ཤིང་འཚམ་སར་ཤིང་འདེབས་པ་དང་། རྩྭ་འཚམ་སར་རྩྭ་འདེབས་པ། ཐང་རྒོད་འཚམ་སར་ཐང་རྒོད་དུ་འཇོག་པ། ཤིང་ཆུ་མཉམ་བསྲེས”བཅས་ཀྱི་རྩ་དོན་ལྟར། ཤིང་རིགས་བཀོད་སྒྲིག་དང་བཅོས་སྐྱོང་ལག་རྩལ་སོགས་ཀྱི་ཐད། ཐན་སྐམ་ཁུལ་བྱེ་སྟོང་དུ་འགྱུར་བའི་ཁྱད་ཆོས་དང་འཚམ་པའི་འགོག་བཅོས་ལག་རྩལ་དང་བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་། ལས་གྲྭས་སྔོན་ལ་བྱེ་མ་འཇགས་པ་དང་། སྐྱེ་དངོས་ཀྱིས་དུས་གཏན་དུ་བྱེ་མ་འཇགས་པ། ར་བསྐོར་བཀག་སྡོམ་དང་སྲུང་སྐྱོང་ཟུང་འབྲེལ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྟངས་སྤྱད་དེ། “བྱང་གསུམ”འགོག་སྲུང་ནགས་ཚལ་སོགས་ནགས་ལས་ཀྱི་གཙོ་གནད་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱེད་པར་རིམ་བཞིན་སྐུལ་འདེད་བཏང་ཡོད།
2022ལོའི་ལོ་མཇུག་བར། རྫོང་དེ་ཡོངས་ཀྱིས་བྱེ་འཇགས་དང་། ནགས་བཟོ། འགོག་གསོ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་མི་ཐབས་ལ་བརྟེན་ནས་ནགས་བཟོ་སྤྱི་ཆིང་ཁྲི་2.196དང་། རི་བཀག་ནས་ནགས་གསོ་སྤྱི་ཆིང་ཁྲི་4.81 ལས་གྲྭའི་བྱེ་འཇགས་སྤྱི་ཆིང་ཁྲི་1.81བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”བྱེ་འགོག་བྱེ་བཅོས་ལས་འགན་གྱི་232.8%ལེགས་སྒྲུབ་བྱས་པ་རེད།
ལྗང་མདོག་འཕེལ་རྒྱས་ཀྱི“ཝུའུ་ལམ་གྱི་མ་དཔེ”གཏོད་པ།
ཝུའུ་ལམ་རྫོང་ཚ་ཁ་གྲོང་རྡལ་མངའ་ཁོངས་ཀྱི“ཚྭ་མཚོའི་མཁའ་དབྱིངས་ཀྱི་མཛེས་ལྗོངས་ཁུལ་དང་པོ”དེ་2023ལོའི“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”གི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པའི་མཐའ་མའི་ས་ཚིགས་ཡིན་པ་དང་། ལམ་བར་གྱི་མཛེས་ལྗོངས་ཀྱིས་འགྲན་ཞུགས་པ་དང་ལྟད་མོ་བ་ཚོར་བག་ཆགས་ཟབ་མོ་བཞག་ཡོད།
ཟླ་9པའི་ཟླ་དཀྱིལ་དུ། རང་བྱུང་ཐོན་ཁུངས་པུས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐུབ་པའི་དཔེ་མཚོན་ཁག་བཞི་པ་ཁྱོན་11ཁྱབ་བསྒྲགས་བྱས་པ་དང་། 《“ཚྭ་མཚོ”ཡི་རང་བྱུང་ཐོན་ཁུངས་ཀྱི་རིན་ཐང་མང་པོ་འདོན་སྤེལ་བྱས་ནས་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན》བདེ་བླག་ངང་བདམས་ཐོན་བྱུང་བ་དེ་ཐོག་ནས། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་དེ་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་དང་སྲིད་ཇུས་གསར་གཏོད་ནས་ཞིབ་ཕྲའི་དཔེ་མཚོན་ལག་བསྟར་བར་མངོན་འགྱུར་བྱུང་བ་མཚོན་ནས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་ཕྱོགས་སྒྱུར་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
ལོ་མང་རིང་། ཚྭ་མཚོ་ནི་ཀྲུང་གོའི་ལྷད་མེད་བཟའ་ཚྭའི་ཐོན་སྐྱེད་རྟེན་གཞི་ཐོག་མ་ཡིན་པའི་ངོས་ནས། “སྲིད་གཞུང་གིས་གཙོ་ཁྲིད་+ཕྱོགས་མང་ཞུགས་པ་+ཁྲོམ་རའི་འཁོར་རྒྱུག+རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བཅས་ཀྱི་རྣམ་པ་ལྟར་ཐུན་མོང་མ་ཡིན་པའི་ཚྭ་མཚོ་ཡི་ཐོན་ཁུངས་སྔོག་འདོན་དང་། ཚྭ་མཚོ་འཕེལ་རྒྱས་ཀྱི་གཙོ་རྒྱུ་སྣ་ཚོགས་གཅིག་འདུས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སྣ་མང་ཅན་གྱི་རིན་ཐང་འདོན་སྤེལ། རིག་གནས་དང་། ཡུལ་སྐོར། བཟོ་ལས། ཞིང་ལས་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད། “ཚྭ་མཚོ་ཆེན་པོའི”ཡུལ་སྐོར་ཕྱོགས་བསྡུས་ཅན་གཏོད་པ་བཅས་བྱས་ནས། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཡོད།
ཁོར་ཡུག་ཡག་ཏུ་ཕྱིན་པ་དང་གྲོང་མིའི་ཡོང་འབབ་དེ་བས་མང་དུ་ཕྱིན་ཡོད་ཅིང་། ཚྭ་མཚོའི་ཐོན་ཁུངས་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་བརྟེན་པའི་གསར་གཏོད་ནུས་པ་རགས་ཙམ་མངོན་ཡོད། 2022ལོར་ཚྭ་ཁ་གྲོང་རྡལ་ལ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་6638.49བྱུང་བ་དང་། མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.09བྱུང་ཡོད།
སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་འཕེལ་རྒྱས་གསར་དུ་གཏོད། ཝུའུ་ལམ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་དང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཕན་ཚུན་འཚམ་པ་བྱས་པས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཝུའུ་ལམ་གྱི་ཁྱད་ཆོས་ལྡན་པའི་ཕྱོགས་སྒྱུར་ཐབས་ལམ་དང་ལག་ལེན་བྱེད་སྟངས་ཤིག་འཚོལ་ཞིབ་ཐུབ་སྟེ། གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེར་བརྟེན་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ”ར་སྤྲོད་བྱས་ཡོད།