དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡར་ཀླུང་གི་ས་གཞི་ཆེན་པོར་ལང་ཚོའི་དཔལ་འབར་བ།

    ལྷོ་ཁ་གྲོང་ཁྱེར་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཚོའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-26

    འདི་ལོ་ནི་སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ལག་བསྟར་བྱས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ལོ་20ཡི་རིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དེ་བས་མང་བ་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་ནས། ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཡར་ཀླུང་ས་གཞི་ཆེན་པོར་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཏེ་སྙན་འཇེབས་ལྡན་པའི་ལང་ཚོའི་རོལ་དབྱངས་དཀྲོལ་བཞིན་མཆིས།

    ཕུགས་བསམ་བཅངས་ནས་གནོང་འགྱོད་མེད་པར་ལེགས་སྐྱེས་ཕུལ་བ།

    “མཐོ་རིམ་སློབ་འབྲིང་འགྲིམ་སྐབས། ངས་ནུབ་རྒྱུད་འཆར་གཞིར་རྒྱུས་མངའ་ཕྲན་བུ་ཡོད་ལ་སེམས་ལ་ནུབ་རྒྱུད་དུ་འགྲོ་དགོས་སྙམ་པའི་བསམ་བློ་ཡང་འཁོར་མྱོང་ཡོད”ཅེས་རང་ཉིད་སློབ་ཆེན་ཐོན་རྗེས་ལས་ཞུགས་ཀྱི་སྐོར་གླེང་སྐབས་གུང་གཞོན་སྡེ་ཚོགས་ལྷུན་རྩེ་རྫོང་ཨུད་ལ་ཞབས་འདེགས་ཞུ་མཁན་ཨན་མིང་དབྱང་གིས་བློ་རྩ་བརྟན་པོས་དེ་ལྟར་བཤད། ཕུགས་བསམ་དེ་བཅངས་ནས་2021ལོར་སློབ་ཆེན་ཐོན་རྗེས་ཨན་མིང་དབྱང་དཔྱད་ཞིབ་བདེ་བླག་བྱུང་ནས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་མིང་ཐོག་ནས་བོད་དུ་སླེབས་པ་རེད།

    སྐྱ་ལོག་གྲོང་ཚོ་དང་ལྷུན་རྩེ་རྫོང་གྲོང་དབར་བར་ཐག་སྤྱི་ལེ་བཅུ་ཙམ་ཡོད། 2022ལོའི་ཟླ་དང་པོར་ཨན་མིང་དབྱང་གིས་ཚན་པས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བྱེད་སྒོར་སྐྱ་ལོག་གྲོང་ཚོའི་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་ཁག་གཅིག་ངོ་ཤེས།

    སྐབས་དེ་དུས་ཏག་ཏག་གུང་གསེང་འཁེལ་བས་ཁོང་ལ་ལམ་སེང་སྐྱ་ལོག་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་སྒྲིག་འཛུགས་བྱས་ནས། གྲོང་ཚོ་དེ་རང་དུ་སློབ་སྐྱོར་བྱེད་སྒོ་སྤེལ་ཏེ། གུང་གསེང་རིང་གྲོང་ཚོའི་སློབ་ཆུང་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་མཐོ་རུ་གཏོང་རོགས་བྱེད་པའི་བསམ་བློ་འཁོར།

    ཨན་མིང་དབྱང་གིས་རང་ཉིད་ཀྱི་བསམ་ཚུལ་སྐྱ་ལོག་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཚོར་བཤད་རྗེས་ཁོ་ཚོ་ཚང་མས་མོས་མཐུན་བྱས། ཚང་མས་མཉམ་དུ་ཁོམ་པ་སྤྱད་དེ་སློབ་ཆུང་སློབ་མའི་ཁྱིམ་དུ་སོང་ནས་གསབ་ཁྲིད་བྱས་པ་མ་ཟད། ད་དུང་ཕྲུ་གུ་ཚོར་སྨྱུ་གུ་དང་། སུབ་རྟ། སྦྱོང་དེབ་བཅས་སྤྲད་པ་རེད།

    སྐྱ་ལོག་གྲོང་ཚོའི་སློབ་ཆེན་ཐོན་ཉེར་ཡོད་པའི་ཨ་ཚེ་སྒྲོལ་མས“ད་ཐེངས་ཀྱི་སློབ་སྐྱོར་བྱེད་སྒོ་ནི་ངའི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་སྦྱོང་བརྡར་ཞིག་རེད་ལ། ཚེ་གང་གཅེས་སྤྲས་དང་རྗེས་དྲན་བྱེད་འོས་པ་ཞིག་ཀྱང་རེད། ངས་གྲོགས་པོ་ཆུང་ཆུང་ཚོའི་འབྱུང་འགྱུར་དེ་བས་ཡག་པོ་ཡོང་བའི་སྨོན་འདུན་ཞུ”ཞེས་མྱོང་ཚོར་ཟབ་མོས་བཤད།

    དང་བླངས་ཞབས་འདེགས་ཀྱི་དོན་སྙིང་ཉམས་སུ་མྱངས་པ།

    གུང་གཞོན་སྡེ་ཚོགས་ལྷོ་བྲག་རྫོང་ཨུད་དུ་ཞབས་འདེགས་ཞུ་མཁན་ཀྲུའུ་མིང་དབྱང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“དང་བླངས་པ་ཞིག་གི་ངོས་ནས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་བྱེད་སྒོར་ཞུགས་རིམ་བཞིན་ཧ་ཅང་སྐྱིད་པོ་འདུག དང་བླངས་པ་ལུའོ་ཕེས་ང་ལ་བག་ཆགས་ཟབ་ཤོས་བཞག་བྱུང”ཞེས་བཤད།

    ཀྲུའུ་མིང་དབྱང་གིས་ལྷོ་བྲག་རྫོང་སྐུ་ལྷ་མཁའ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་ང་དང་ལུའོ་ཕེས་མཉམ་དུ་ཚོང་འདུས་ཀྱི་ཚོང་དུད་ཐོ་འགོད་ལས་ཀའི་འགན་འཁུར་བ་ཡིན། འོན་ཀྱང་ཚོང་དུད་ཁག་གཅིག་སླེབས་ཀྱང་ཁྲོམ་བཀྱག་རག་མེད་པས་སེམས་སྐྱིད་པོ་གཏན་ནས་མ་བྱུང་ཞེས་ཕྱིར་དྲན་བྱེད་བཞིན་བཤད།

    “ཁྲོམ་བཀྱག་གསར་པ་མང་དུ་གཏོང་བ་ནི་མ་གཞི་ང་ཚོའི་ལས་ཀ་མ་རེད། ”ཀྲུའུ་མིང་དབྱང་གིས་གསར་འགོད་པར་ང་རང་བསམ་ཡུལ་ལས་འདས་པ་ཞིག་ལ་ལུའོ་ཕེ་ཡིས་དང་བླངས་པ་ཚོ་སྒྲིག་འཛུགས་བྱས་ནས་ཁྲོམ་བཀྱག་རག་མེད་པའི་ཚོང་དུད་དང་རང་འགུལ་ངང་འབྲེལ་བ་བྱས་ནས་ཁོ་ཚོའི་དགོས་མཁོ་ནན་ཏན་ཉན་པ་མ་ཟད། ད་དུང་ཁོ་ཚོའི་སེམས་ལྷོད་ལ་ཕབ་སོང་། མཐར་ལྷོ་བྲག་རྫོང་ཚོང་དོན་ཅུས་ཀྱི་རོགས་རམ་འོག་ཁྲོམ་བཀྱག་མང་དུ་བཏང་ནས་ཁྲོམ་བཀྱག་རག་མེད་པའི་ཚོང་དུད་ཀྱི་དཀའ་གནད་བསལ་བ་རེད་ཅེས་བཤད།

    དེ་ལས་ཀྲུའུ་མིང་དབྱང་ལ་ལས་ཀ་འདི་རང་ཉིད་ཀྱིས་འགན་འཁུར་དགོས་པའི་བྱ་བ་ཞིག་མིན་རུང་། མང་ཚོགས་ཚོའི་དོན་དག་ཡིན་ཕྱིན་རང་ཉིད་ཀྱི་དོན་དག་ཏུ་བརྩིས་ཏེ། མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་རེ་སྒུག་བྱེད་སར་རེ་སྒུག་བྱས་ཚེ་གཞི་ནས་དང་བླངས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཐུབ་པ་ཤེས།

    མི་ཚེའི་གཏན་གྲོགས་ཕྲད་པ།

    “ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་གི་ངོས་ནས་ཉིན་ལྟར་ལས་བྲེལ་ཆེ་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་དེ་ག་ནས་རང་ཉིད་ཀྱི་མི་ཚེའི་གཏན་གྲོགས་ཕྲད་བྱུང”ཞེས་ལྷུན་རྩེ་རྫོང་གི་དང་བླངས་པ་དབྱང་ཧྲི་ལི་ཡིས་འཚེར་སྣང་དང་བཅས་བཤད།

    2022ལོའི་ཟླ་བརྒྱད་པར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་གསོ་སྦྱོང་མཇུག་འགྲིལ་རྗེས་དབྱང་ཧྲི་ལིས་ལས་བགོས་རྒྱག་ཡུལ་དུ་སྐྱོད་འགོ་ཚུགས། ཐོན་ལ་ཉེ་བའི་དགའ་སྐྱེལ་འདུ་ཚོགས་ལ་བོད་རིགས་བུ་མོ་ཞིག་གིས་རང་འགུལ་ངང་གར་སྟེགས་སུ་ཞབས་བྲོ་འཁྲབ་ནས་ཚང་མར་སྐྱེལ་མ་ཞུས། བུ་མོ་དེའི་ངོ་མཚར་ཆེ་བའི་ཞབས་བྲོའི་སྟངས་སྟབས་ཀྱིས་ང་རང་ལ་བག་ཆགས་ཟབ་མོ་བཞག་བྱུང་།

    ལས་བགོས་རྒྱག་ཡུལ་ལྷུན་རྩེ་རྫོང་དུ་འབྱོར་སྐབས་དབྱང་ཧྲི་ལིས་ཁོ་ཚོར་ཞབས་བྲོ་འཁྲབ་མཁན་བུ་མོ་དེ་ཡང་དེ་གར་ཡོད་པ་དང་། མིང་ལ་མིག་དམར་ཆུང་སྐྱིད་ཟེར་བའི་བུ་མོ་དེ་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་དང་བླངས་པ་ཞིག་ཡིན་པ་དང་ཁོང་ལྷུན་རྩེ་རྫོང་སློབ་འབྲིང་དུ་སློབ་སྐྱོར་བྱེད་ཀྱི་ཡོད་པ་ཤེས།

    འོན་ཀྱང་ཁོ་ཚོས་ལས་ཀར་རྒྱུས་མངའ་མ་ལོན་གོང་བོད་དུ་གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་ཁོ་ཚོའི་འཚོ་བ་ཟང་ཟིང་དུ་གྱུར། དབྱང་ཧྲི་ལི་དང་མིག་དམར་ཆུང་སྐྱིད་ཀྱིས་འཕྲལ་དུ་རིམས་འགོག་གི་ལས་དོན་ལ་ཞུགས་པའི་མིང་ཐོ་བཀོད་ནས་ཕན་ཚུན་རོགས་རམ་གྱིས་དཀའ་གནད་མཉམ་དུ་བསལ་བ་རེད།

    རིམས་འགོག་གི་ལས་དོན་སྤེལ་རིང་དབྱང་ཧྲི་ལི་ལ་སྟབས་མ་ལེགས་པར་རིམས་ནད་འགོས་ནས་ཚ་བ་ཏུའུ་39ཟིན་ཡོད། མིག་དམར་ཆུང་སྐྱིད་ཀྱིས་རིམས་ནད་འགོ་བའི་ཉེན་ཁར་མ་འཛེམས་པར་ཁོང་ལ་ལྟ་རྟོག་ཞིབ་ཕྲ་བྱས། སྐབས་དེ་ནས་བཟུང་ཁོ་གཉིས་དབར་ཕན་ཚུན་བརྩེ་བ་ཟབ་ཏུ་ཕྱིན་ནས་རིམས་ནད་མཇུག་འགྲིལ་རྗེས་སེམས་དང་སེམས་མཐུན་པར་གྱུར་ཡོད།

    དབྱང་ཧྲི་ལིས་ལས་ཀ་བྱེད་རིང་བོད་རིགས་གཅེན་པོ་དང་གཅེན་མོ་མང་པོ་ཞིག་གིས་ཀྱང་ང་ལ་གཅེས་སྐྱོང་ཆེན་པོ་བྱེད་ཀྱི་ཡོད། རང་ཁྱིམ་དང་བར་ཐག་སྤྱི་ལེ་སུམ་སྟོང་ལྷག་ཙམ་ཆོད་པའི་ལྷུན་རྩེ་རྫོང་དུ་ངས་ཁྱིམ་གྱི་དྲོ་སྐྱིད་སྔ་ཕྱི་བར་གསུམ་དུ་ཚོར་ཐུབ་བྱུང་། འདི་ལོ་ངས་བོད་དང་འབྲེལ་བ་ཡོད་པའི་ཡིག་རྒྱུགས་ལ་ཞུགས་ནས་བོད་དུ་ཡུན་རིང་སྡོད་རྩིས་ཡོད་ཅེས་བཤད།

    གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཤིན་ཝུའེ་ཡིས། སྤྲོ་སེམས་ལྡན་པ་དང་། ལུས་ནས་ཁྲག་དྲོན་བཞུར་བ། དཀའ་སྤྱད་འབད་འཐབ་བྱེད་པ། སྡུག་རུས་འཁྱོག་པ་བཅས་ཡོད་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཚོས། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་དམ་བཅའ་བརྟན་པོ་ལག་ལེན་བསྟར་ཏེ། ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།