སྲོལ་རྒྱུན་ཐོན་ལས་ཀྱི་གསོན་ཤུགས་རབ་ཏུ་འཕེལ།
བོད་ཀྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་འཕེལ་རྒྱས་མགྱོགས་མྱུར་བཏང་བ།
སྲོལ་རྒྱུན་འཁལ་འཐག་ཐོན་རྫས་སྣམ་བུ་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་པ་དང་། གླིང་ཁ་གཏོང་བ་ནི་ཡུལ་སྐོར་གྱི་དར་སྲོལ་དུ་གྱུར་པ། བཞོན་མ་གསོ་ཚགས་ལས་རིགས་ལ་རྣམ་པ་གསར་པ་མངོན་པ། བྱེ་ཐང་དང་གྲམ་ཐང་དུ་ལི་གྲོ་བཏབ་པ་སོགས། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་བྱེད་ཐབས་ནུས་ལྡན་སྣ་ཚོགས་ལ་བརྟེན་ནས། སྲོལ་རྒྱུན་ཐོན་ལས་ཀྱི་འཕེལ་རྒྱས་གསོན་ཤུགས་མུ་མཐུད་འཕེལ་བར་བྱས་ཏེ། གཞན་སྒྱུར་བྱེད་རིང་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་བ་རེད།
བོད་ཀྱི་ས་ཆ་90%ཡན་ནི་ཞིང་འབྲོག་ཁུལ་དང་མི་འབོར་གྱི་བཅུ་ཆ་བདུན་ཙམ་ནི་ཞིང་འབྲོག་པ་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་འཐབ་ས་གཙོ་བོ་ཞིང་འབྲོག་ཁུལ་དུ་ཡོད། ཞིང་འབྲོག་ཁུལ་དར་རྒྱས་གཏོང་དགོས་ན་ཐོན་ལས་ངེས་པར་དུ་སྔོན་ལ་དར་རྒྱས་གཏོང་དགོས། གནམ་གཤིས་དང་། རང་བྱུང་ཁོར་ཡུག དཔལ་འབྱོར་གྱི་རྨང་གཞི་བཅས་ཚང་མར་ལེགས་ཆ་མེད་པའི་གནས་ཚུལ་འོག བོད་ཀྱི་སྲོལ་རྒྱུན་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཇི་ལྟར་འཕེལ་བར་བྱེད་དགོས་སམ་ཞེ་ན། ཉིན་ཤས་གོང་། དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལྷ་ས་དང་གཞིས་རྩེ་སོགས་སུ་བསྐྱོད་དེ། གངས་ལྗོངས་ས་མཐོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་འཚོལ་ཞིབ་བྱས་པ་རེད།
སྣམ་བུ་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་པ།
སྣམ་བུ་ནི་བོད་མི་དམངས་ཀྱིས་གྱོན་ཆས་སོགས་བཟོ་བའི་རྒྱུ་ཆ་ཡིན་ལ། ས་མཐོར་མཐོང་མང་ཤོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཀྱི་འཁལ་འཐག་ཐོན་རྫས་ཀྱང་ཡིན། ད་བར་ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ཡོད། འདི་ལྟ་བུའི་ལག་ཤེས་བཟོ་རྩལ་ཐོན་རྫས་རྙིང་པ་འདི་Tསྟེགས་ཐོག་བསྐྱོད་ཐུབ་པར་གཏམ་རྒྱུད་མང་པོ་ཡོད།
ལོ་37ལ་སླེབས་པའི་སྐལ་བཟང་སྒྲོལ་མས་བློ་རྩེ་གཅིག་སྒྲིམ་གྱིས་སྣམ་བུ་འཐག་བཞིན་འདུག གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མྱང་སྟོད་ཤང་བསོད་སྐད་གྲོང་ཚོའི་བུད་མེད་མང་ཆེ་བས་སྲོལ་རྒྱུན་གྱི་སྣམ་བུ་འཐག་ཤེས་ཀྱི་ཡོད། ཡིན་ན་ཡང་། ལག་རྩལ་གསར་པ་དང་ཐགས་ཁྲི་གསར་པ་སྤྱོད་ཤེས་མཁན་ཉུང་ཉུང་རེད།
རྒྱལ་རྩེ་རྫོང་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཡང་སྐྱིད་ཀྱིས་ལྟ་སྐོར་བར་སྲོལ་རྒྱུན་གྱི་རྩལ་ནུས་འདིའི་གནས་ཚུལ་ངོ་སྤྲོད་བྱས་པ་སྟེ། “རྒྱལ་རྩེ་སྣམ་བུ་ཤད་མའི་འཁལ་འཐག་ལག་རྩལ”ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཤིག་ཡིན། ལག་རྩལ་ཁྱབ་གདལ་དང་རྒྱུན་འཛིན་ཡག་པོ་བྱ་ཆེད། བསོད་སྐད་གྲོང་ཚོས་སྣམ་བུ་འཁལ་འཐག་མཉམ་ལས་ཁང་ཞིག་བཙུགས། ཡིན་ན་ཡང་། ཁྲོམ་ར་གཞིས་རྩེ་ཁོ་ན་ལས་མེད་པ་དང་། ཐོན་རྫས་སྣ་ཁ་རྐྱང་པ། ཡོང་འབབ་དམའ་བ་བཅས་ཀྱིས་རྐྱེན་ལས་ཐོན་ལས་འཕེལ་རྒྱས་ལ་དཀའ་ངལ་མང་པོ་འཕྲད་ནས། འཁལ་འཐག་ལག་རྩལ་གསར་སྒྱུར་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་སོགས་ཀྱི་ཐད་གནད་དོན་མང་པོ་འཕྲད་ཡོད་པ་རེད།
གནད་དོན་དེ་དག་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་ཡིས། 2021ལོར། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བཅུ་པའི་རྒྱལ་རྩེ་ཚོགས་ཆུང་གི་རྒྱབ་སྐྱོར་འོག རྒྱལ་རྩེ་རྫོང་གིས་ཧྲང་ཧའེ་ཧྲ་ཅོན་གྱོན་ཆས་དཔེ་གསར་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་སྲོལ་རྒྱུན་བཟོ་རྩལ་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་བྱས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
གཡང་སྐྱིད་ཀྱིས། སྤེལ་རེས་གསོ་སྦྱོང་ལ་ཇུས་འགོད་ཀྱི་འདུ་ཤེས་དང་དེང་རབས་མཛེས་དཔྱོད་ནས་འགོ་བརྩམས་ཏེ་ཕྱིང་བཟོ་ལག་རྩལ་དང་། སྣམ་བུ་ཇུས་འགོད། སྒྲིག་ཆས་བེད་སྤྱོད་སོགས་ཉེར་མཁོའི་སློབ་ཚན་ཁྲིད་པ་བརྒྱུད་སློབ་ཕྲུག་ཚོའི་རང་ཚུགས་ཇུས་འགོད་དང་དངོས་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ནས། ཁོ་ཚོ་བཟོ་པ་ནས་ལག་ཤེས་པར་འགྱུར་རོགས་བྱས་ཡོད། “ད་ཆ། སྐལ་བཟང་སྒྲོལ་མས་ཐོན་རྫས་དེ་བས་སྙིང་རྗེ་པོ་འཐག་ཐུབ་ནས་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”
སྔོན་ཆད་སྣམ་བུ་འཐག་པར་མི་རེར་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་120ཙམ་ཡོད། ད་ཆ་མི་རེས་ཉིན་རེར་སྣམ་བུ་བུག་གཅིག་འཐག་ཚར་གྱི་ཡོད་པས་བུག་རེ་ནས་འཐེན་ཆ་སྒོར་300ནས་500བར་ཡོད་ཅེས་གཡང་སྐྱིད་ཀྱིས་བརྗོད་པ་དང་། བསོད་སྐད་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་2019ལོའི་སྒོར་ཁྲི་1.54ནས་2022ལོའི་སྒོར་ཁྲི་2.32བར་འཕར་ཡོད། སང་ལོའི་དཔྱིད་ཀར་སྐལ་བཟང་སྒྲོལ་མས་ད་དུང་ལག་རྩལ་འདི་སྤྱད་དེ་ཕ་རི་སིའི་གྱོན་ཆས་གཟའ་འཁོར་ལ་སྣམ་བུའི་འཐག་རྩལ་འཛམ་གླིང་ཡོངས་ལ་ངོམ་རྩིས་ཡོད་པ་རེད།
གླིང་ཁའི་དཔལ་འབྱོར་གྱིས་གྲོང་ཚོ་ཕྱུག་པོ་ཆགས་པ།
བོད་དུ་འཚོ་བ་སྐྱེལ་སྟངས་ཤིག་ཡོད་པ་ནི“གླིང་ཁ་གཏོང་བ”དེ་ཡིན་ཞིང་། གྲོང་འདབས་སུ་སྤྲོ་གསེང་བྱེད་པ་དང་ཕྱི་རོལ་ཏུ་ལྟོ་ཆས་ཟ་བ་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་སྤྲོ་གསེང་བྱེད་སྒོ་ཞིག་རེད། 2020ལོ་ནས་བཟུང་། ཡུལ་སྐོར་ལས་རིགས་ལ་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་ཡོད། ཡུལ་སྐོར་འཛད་སྤྱོད་ལ་སྐུལ་མ་གཏོང་ཆེད། བོད་ཀྱིས“བོད་མི་རང་བོད་དུ་ཡུལ་སྐོར་ལ་སྐྱོད་པའི”བྱེད་སྒོ་ཤུགས་ཆེན་སྤེལ་བ་རེད། སྲིད་ཇུས་ཀྱི་ཤར་རླུང་ལ་བརྟེན་པས་སྲོལ་རྒྱུན་གྱི་སྤྲོ་གསེང་བྱེད་སྒོར་གསོན་ཤུགས་གསར་པ་མངོན་ཞིང་། མིག་སྔར་གླིང་ཁའི་དཔལ་འབྱོར་བོད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་ལ། གྲོང་གསེབ་དར་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུའང་གྱུར་ཡོད།
གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དགོས་པ་མ་ཟད། འཐུས་སྒོ་ཚང་བའི་སྒྲིག་བཀོད་ཀྱི་འགན་ལེན་ཡང་ཡོད་དགོས། ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་ཆབས་ཅིག ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་ཐད་ཀྱི་རེ་བའང་ཟམ་མི་ཆད་པར་མཐོ་རུ་སོང་ཡོད།
སྟག་རྩེ་ཆུས་དཔེར་དྲངས་ནས་བརྗོད་ན། 2021ལོ་ནས་བཟུང་། སྟག་རྩེ་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཆུས་ཁོངས་ཀྱི་གླིང་ཁ་གཏོང་ས་48ལ་སྒྱུར་བཀོད་དང་རིམ་པ་སྤོར་བའི་དགོས་མཁོར་བརྟག་ཞིབ་བྱས་ནས་ཅང་སུའུ་ཡི་བོད་སྐྱོར་མ་དངུལ་སྒོར་ཁྲི་800རེ་འདུན་ཞུས་ཏེ་ས་བབ་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་ཅུང་ཆེ་བ། འགྲུལ་ཁུངས་བརྟན་པ་བཅས་ཡོད་ཀྱང་རྨང་གཞིའི་ཆ་རྐྱེན་ཅུང་ཞན་པའི་གླིང་ཁ་གཏོང་ས་10སྒྱུར་བཀོད་དང་རིམ་པ་སྤར་བ་རེད།
སྐབས་དེ་དུས་པད་ནག་གྲོང་ཚོས་གླིང་ཁ་སྒྱུར་བཀོད་དང་རིམ་པ་སྤོར་བའི་གོ་སྐབས་དམ་འཛིན་བྱས་ཏེ་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད། བློ་བཟང་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གྲོང་ཚོ་ཧྲིལ་པོར་གླིང་ཁ་གཏོང་ས་11ཡོད་པ་དང་གླིང་ཁ་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད་པ་རེད།
སྟག་རྩེ་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་བསྟན་པ་རྒྱལ་མཚན་གྱིས། གླིང་ཁའི་དཔལ་འབྱོར་དྲ་ཐོག་མིང་ཅན་ནས“རྟག་ཏུ་དར་བར”བྱ་ཆེད། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཅུས་ཀྱིས་ད་དུང་གླིང་ཁའི་དོ་དམ་དང་ཞབས་འདེགས་ལ་དམིགས་ཏེ་རིན་གོང་ཁ་གསལ་འགོད་པ་དང་། བཟའ་བཅའ་དང་འབར་རླངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་ཧུར་ཐག ཚད་ལྡན་གྱི་གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཤུགས་ཆེན། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྒུལ་ཤུགས་ཆེན་པོ་གཏོད་པ་བཅས་བྱས་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
གཞན་ཡང་སྟག་རྩེ་ཆུས་ཀྱིས་ད་དུང་ཆུས་ནང་ཁུལ་གྱི་གླིང་ཁའི་ཐོན་ཁུངས་གཅིག་གྱུར་བསྡུ་སྒྲིལ་བྱས་ནས་ས་ཁོངས་ཧྲིལ་པོའི་མ་ལག་འཛུགས་སྐྲུན་དང་། “གྲོང་ཚོ་རེར་གླིང་ཁ་གཏོང་ས་རེ་ཡོད་པའི”ཆེད་དོན་བྱ་སྤྱོད་སྤེལ་བ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ཞབས་འདེགས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་པས་གླིང་ཁའི་ཡུལ་སྐོར་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།
བ་གླང་གི་རྒྱུད་པ་ལེགས་སུ་བཏང་ནས་འགྱུར་ལྡོག་ཡོང་ཐབས་བྱས་པ།
གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་རི་ཁུད་གྲོང་ཚོར་བཅར་འདྲི་བྱེད་སྐབས། སྤུ་མདོག་མི་འདྲ་བའི“ས་གནས་དེ་གའི་བ་གླང”འགའ་ཞིག་གྲོང་ཚོའི་ཉེ་འགྲམ་གྱི་རྩྭ་ཐང་དུ་རྩྭ་ཆུར་རོལ་བཞིན་ཡོད་པ་མཐོང་བྱུང་། རྟ་ནག་མདའ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་པད་མ་དབྱངས་ཅན་གྱིས་ས་གནས་དེ་གའི་ཞིང་འབྲོག་པས་གསོ་ཚགས་བྱས་པའི་བཞོན་མ་མང་ཆེ་བ་ནི་གསོ་ཚགས་ཀྱི་དུས་འཁོར་རིང་བ་དང་ཐོན་སྐྱེད་བྱེད་ནུས་ཞན་པའི་ས་གནས་དེ་གའི་བཞོན་མ་རེད་ཅེས་ངོ་སྤྲོད་བྱས།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། ཧོ་སི་ཐན་གྱི་བཞོན་མ་དང་ཅོན་ཧྲན་གྱི་བ་གླང་སོགས་རྒྱུད་བཟང་གཞི་ཁྱོན་ཆེན་པོས་ནང་འདྲེན་བྱས་པ་རེད། དེ་དང་ཆབས་ཅིག་འབྲེལ་ཡོད་ཚན་ཞིབ་ཚོགས་པས་བཞོན་མ་ས་མཐོར་འཕྲོད་པའི་རང་བཞིན་གྱི་དཀའ་གནད་མུ་མཐུད་བསལ་ནས་རྒྱུད་བཟང་ཁྱབ་གདལ་གཏོང་བར་རྨང་གཞི་བཏིངས་ཡོད།
བཞད་མཐོང་སྨོན་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབང་རྡོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐོན་རྫས་ནས་བལྟས་ན། “ས་གནས་དེ་གའི་བཞོན་མའི”འོ་མ་རྒྱ་མ་18ནས་19བར་ལ་མར་རྒྱ་མ་གང་ཐོན་གྱི་ཡོད། འོན་ཀྱང་ཅོན་ཧྲན་གྱི་བཞོན་མའི་འོ་མ་རྒྱ་མ་12ནས་མར་རྒྱ་མ་གང་ཐོན་གྱི་ཡོད། “ས་གནས་དེ་གའི་བ་གླང”གི་རྒྱུད་པ་ལེགས་སུ་བཏང་ཚེ་ཞིང་འབྲོག་པའི་གསོ་ཚགས་ཡོང་འབབ་ཀྱང་མངོན་གསལ་དོད་པོས་འཕར་ངེས་རེད། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་རྒྱུད་པ་ལེགས་བཅོས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། ཡིན་ནའང་ལེགས་བཅོས་བྱེད་སྟངས་གཞན་དང་འདྲ་ཡི་མེད། བན་ཚང་གྲོང་ཚོའི“ས་གནས་དེ་གའི་བ་གླང”སྡོམ་གསོ་བྱེད་སྟངས་དོར་ནས་ཅོན་ཧྲན་གྱི་བེའུ་མཁོ་སྤྲོད་འགན་ལེན་གྱི་གསོ་ཚགས་རྟེན་གཞིར་བ་ཚང་སྟར་པ་བྱས་ནས་ཡུག་གཅིག་ཏུ་སྦྲེལ་ཡོད། དཔའ་རྩལ་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་འདེགས་ལྟེ་གནས་ཀྱི་འགན་འཁུར་བ་བཀྲ་དབང་གིས“2022ལོར་ང་ཚོས་རྟེན་གཞི་བཙུགས་པ་ཡིན། རྟེན་གཞི་དེས་མི་སེར་ཚོར‘ས་གནས་དེ་གའི་བ་གླང’དེ་གར་གཅིག་སྡུད་གསོ་ཚགས་བྱེད་པར་ལྕག་སྐུལ་བྱས་པ་མ་ཟད། རིགས་གཅིག་མཁས་ཅན་དུས་ངེས་མེད་ངང་ཕྱུགས་རིགས་བཤའ་བའི་ཚད་གཞིར་སླེབས་མིན་ལ་ལྟ་བར་ཡོང་གི་ཡོད་པ་དང་། ཕྱུགས་རིགས་ཀྱི་བདག་པོའི་མོས་མཐུན་བྱུང་ཚེ་འཚོང་རོགས་བྱེད་ཀྱི་ཡོད། ‘ས་གནས་དེ་གའི་བ་གླང’དེ་གར་གཅིག་སྡུད་གསོས་ན་ཁྱིམ་དུ་ཅོན་ཧྲན་གྱི་བཞོན་མ་གསོ་ཚགས་དེ་བས་ལེགས་པ་བྱེད་ཐུབ”ཅེས་བརྗོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འབྱུང་འགྱུར་ལོ་4ནས་5ཡི་ནང་ད་ཡོད་ཀྱི“ས་གནས་དེ་གའི་བ་གླང”ཚང་མ་སྡོམ་གསོས་བརྒྱབ་ནས་བཤས་རྗེས་དེ་གར་ཅོན་ཧྲན་བེའུ་གསོ་སྤེལ་རྟེན་གཞིར་གྱུར་ནས་བན་ཚང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱང་ད་ལྟའི་སྒོར་ཁྲི་3.35ནས་སྒོར་ཁྲི་4ཙམ་བར་འཕར་ངེས་རེད།
ས་མཐོར་ལི་གྲོ་སྐྱེ་འཚར་ཡག་པ།
ས་བབ་མཐོ་ཚད་སྨི་4000ཡོད་པའི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་རྒྱལ་ཆུང་གྲོང་ཚོའི་མུའུ་2000ལྷག་ཙམ་ཟིན་པའི་ལི་གྲོར་ལོ་ལེགས་བྱུང་ཡོད། ཀྲུང་གོ་ལི་གྲོ་ཚན་རྩལ་མཐོ་བའི་ཚོགས་པ(ས་སྐྱ)ཚན་རྩལ་ཚད་ཡོད་ཀུང་སིས་ལོ་ལེགས་བྱུང་བའི་ལི་གྲོ་རྒྱ་མ་ཁྲི་100ལྷག་ཙམ་ལས་སྣོན་ཞིབ་ཚགས་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་གྱིས་ལི་གྲོ་ནང་འདྲེན་བྱས་ནས་ཚོད་ལྟར་འདེབས་འགོ་བཙུགས་པ་དང་། རང་རྒྱལ་གྱི་ཡུན་ནན་དང་། ནང་སོག ཀན་སུའུ་སོགས་མཐོ་གྲང་ས་ཁུལ་དུ་ལི་གྲོ་འདེབས་ཁྱོན་ཆེན་པོ་ཡོད་པ་རེད།
ཧྲང་ཧའེ་ཡི་བོད་སྐྱོར་འབྲེལ་མཐུད་འོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་ཆ་རྡུལ་རྩི་ཤིང་ཚན་རིག་ཁྱད་འཕགས་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་པིན་གྱིས་གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རིག་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་ཡོན་ཧྲི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་བཙུགས་པ་རེད། ལྟེ་གནས་དེས་ཀྲུང་གོའི་ལི་གྲོ་རྒྱུད་འདྲེས་སོན་གསོའི་ལག་རྩལ་མ་ལག་དང་ལས་སྟེགས་ལ་བརྟེན་ནས་ལས་དོན་ས་ཚིགས་ཚོགས་པས་གཞིས་རྩེར་ལི་གྲོ་ཚོད་ལྟར་འདེབས་འགོ་བཙུགས་པ་རེད།
འདི་ལོའི་ཟླ་4པར་ས་སྐྱ་རྫོང་དང་། ཀྲུང་གོ་ཚན་རིག་ཁང་ཆ་རྡུལ་རྩི་ཤིང་ཚན་རིག་ཁྱད་འཕགས་གསར་གཏོད་ལྟེ་གནས། ཀྲུང་གོ་ལི་གྲོ་ཚན་རྩལ་མཐོ་བའི་ཚོགས་པ(ཧྲང་ཧའེ)ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཕྱོགས་གསུམ་པོས“ས་སྐྱ་རྫོང་ས་མཐོའི་ལི་གྲོ་འདེབས་ལས་གསར་གཏོད་དང་ཐོན་ལས་ཅན་གྱི་དཔེ་སྟོན་ཁྱབ་གདལ་རྣམ་གྲངས”ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཕྱོགས་གསུམ་པོས་ལི་གྲོ་འདེབས་ལས་གསར་གཏོད་དང་ཐོན་ལས་ཅན་གྱི་རྣམ་གྲངས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་བ་རེད། འདི་ལོའི་ཟླ་6པར་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པར་ས་སྐྱ་རྫོང་གི་ལི་གྲོའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཀྱི་གན་རྒྱ་བཞག་པ་དང་འབྲེལ་ལས་འགོ་ཚུགས་པ་རེད།
ས་སྐྱ་རྫོང་ནི་ཞིང་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་གི་རྫོང་ཞིག་ཡིན་ཞིང་། འདེབས་འཛུགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས་ལི་གྲོ་འདེབས་པར་སྤྱད་ཆོག་པའི་ས་རྒྱ་ཆེན་པོ་ཡོད། འདི་ལོ་བོད་སྐྱོར་གྱི་ལི་གྲོའི་རྣམ་གྲངས་ཀྱིས་ས་སྐྱ་རྫོང་བྲག་མཇུག་ཤང་གི་གྲམ་ཐང་མུའུ་2000ལྷག་ཙམ་སྒྱུར་བཀོད་དང་བཅོས་སྒྲིག་བྱས་ནས་ས་མཐོའི་ལི་གྲོ་འདེབས་འཛུགས་རྟེན་གཞི་བཙུགས་པ་རེད། འདི་ལོ་ལི་གྲོ་སྣ་ཁ་17དཔེ་སྟོན་གྱི་ཚུལ་བཏབ་པ་རེད། དེ་དང་ཆབས་ཅིག་བྲག་མཇུག་གྲོང་ཚོས་ད་དུང་མུའུ་200ཡི་ས་མཐོའི་ལི་གྲོ་འདེབས་གསོའི་རྟེན་གཞི་བཙུགས་ནས་ཀྲུང་གོ་ཚན་རིག་ཁང་ཆ་རྡུལ་རྩི་ཤིང་ཚན་རིག་ཁྱད་འཕགས་གསར་གཏོད་ལྟེ་གནས་ཀྱིས་འདེམས་གསོ་བྱས་པའི་ལི་གྲོ་སྣ་ཁ་50བཏབ་པ་རེད།
“དེ་ནི་མིག་སྔར་འཛམ་གླིང་དུ་ས་བབ་མཐོ་ཤོས་ཀྱི་ལི་གྲོ་འདེབས་འཛུགས་རྟེན་གཞི་ཞིག་རེད། སྐྱེ་འཚར་གྱི་ཁོར་ཡུག་ལ་སྦགས་བཙོག་མེད་པར་བརྟེན་དེ་ག་ནས་ཐོན་པའི་ལི་གྲོའི་སྤུས་ཚད་ཡག་པོ་ཡོད། ང་ཚོས་ལི་གྲོའི་སྤུས་རྟགས་རྩེར་སོན་གཏོད་པ་དམིགས་ཚད་དུ་བྱས་ནས་ལི་གྲོའི་ཐོན་ལས་ཀྱི་དེ་བས་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ཀྲུང་གོ་ལི་གྲོ་ཚན་རྩལ་མཐོ་བའི་ཚོགས་པ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཙུང་ཚའེ་ཚའོ་ཧའེ་ལེང་གིས་བརྗོད།
ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ས་སྐྱ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ཧྲེན་ཅ་ལེང་གིས་ངོས་འཛིན་བྱས་དོན། ས་སྐྱ་རྫོང་གི་ལི་གྲོའི་ཐོན་ལས་འཕེལ་རྒྱས་འགྲོ་བཞིན་ཡོད། 2025ལོར་སླེབས་སྐབས་ས་སྐྱ་རྫོང་གིས་ལི་གྲོ་མུའུ་ཁྲི་2འདེབས་པ་དང་འབྲེལ་མ་བཅོས་འབྲུ་རིགས་དང་དེ་བཞིན་སྤུས་ལེགས་ལས་སྣོན་ཐོན་རྫས་ཐོན་ལས་ཅན་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡོད། ས་མཐོའི་ལི་གྲོ་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་སྔར་བས་རམ་འདེགས་ཐུབ་སྲིད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་དྲངས)