དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་གཉེར་གྱི་ཁོར་ཡུག་སྤུས་ལེགས་བཏོད་ནས་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་པ།

    “ནང་ངོས་ཀྱི་མཐུན་རྐྱེན”ལ་བརྟེན་ནས“མཁྲེགས་ཆས་ཀྱི་འདེགས་སྐྱོར”བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གཞིས་རྩེའི་བཅར་འདྲི་ཚོགས་ཆུང་གིས།   |     སྤེལ་དུས།  2023-11-26

    མི་རིང་བའི་གོང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཀུན་འདུས་སྨྱན་སྦྱོར་གྱི་བཅར་འདྲི་ཚོགས་ཆུང་གིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་གྲོང་རྡལ་ཆུང་ངུ་དང་། རྫོང(ཆུས)གི་དམངས་གཉེར་ཁེ་ལས། གྲོང་ཁུལ་གྱི་རྒྱལ་སྤྱིའི་འགྲེམས་ཚོགས་བཅས་ཀྱི་ས་གནས་ས་ཐོག་ཏུ་བསྐྱོད་དེ་དབྱིངས་ཞུགས་རྣམ་པར་བརྟེན་ནས་བཅར་འདྲི་ཉམས་ལེན་གྱིས་གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་སྤུས་ལེགས་ཧུར་ཐག་གཏོད་པ་དང་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་བྱེད་པའི་གསོན་ཉམས་དོད་པའི་རྣམ་པའི་དཔང་པོ་བྱས་པ་མ་ཟད། གྲོང་ཁྱེར་དེའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བའི་རྣམ་པ་ལའང་མྱོང་ཚོར་བྱས་པ་ཡིན།

    མཐའ་མཚམས་ཡུལ་སྐོར་འཁྲུག་ཆ་དོད་པ།

    སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་སླེབས་སྐབས་འདི་གའི་མཛེས་ལྗོངས་ལྟ་ན་སྡུག་པ་མ་ཟད། གནམ་གཤིས་ཀྱང་ཡག་པོ་ཡོད་པ་དང་། གནས་འདིར་ཧི་མ་ལ་ཡའི་མེ་ཏོག་ལྡུམ་རའི་མཚན་སྙན་ཐོབ་ཡོད། ཁྲོམ་གཞུང་དུ་ཤ་རྩི་མི་འདྲ་བའི་ཡུལ་སྐོར་བ་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། ནེ་པ་ལའི་ཁྱད་ཆོས་ཡོད་པའི་ཟ་ཁང་དང་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

    སྐྱིད་གྲོང་འགག་སྒོར་ཨ་རི་དང་ལྷོ་ཨ་ཧྥེ་རི་ཁ་ནས་ཡིན་པའི་ཡུལ་སྐོར་ཚོགས་པ་ཞིག་གིས་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་བཞིན་འདུག“ད་རེས་ཧ་ཅང་སྐྱིད་པོ་བྱུང་། གནམ་གཤིས་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ཡུལ་ལྗོངས་ཀྱང་ལྟ་ན་སྡུག་པས་ཚང་མས་པར་མང་པོ་བརྒྱབ་སོང”ཞེས་ཨ་རིའི་བྱང་ཁ་ལུའོ་ལའེ་ན་ཀྲོའུ་ནས་སླེབས་པའི་ཡུལ་སྐོར་བ་Siva Palakodetyཡིས་བཤད།

    ཡུལ་སྐོར་སྣེ་ཤན་པ་བསོད་དབང་གིས་གསར་འགོད་པར་ད་ཐེངས་ནི་འདི་ལོ་ངས་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་འཁྲིད་ཐེངས་བཅུ་པ་ཡིན་པ་དང་ད་ཆ་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་སྟངས་སྔོན་མ་ལས་སྟབས་བདེ་རུ་ཕྱིན་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་འགྲོ་འོང་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

    ཚད་གཞི་ངེས་ཅན་ཞིག་གི་ངོས་ནས་བརྗོད་ན་ཡུལ་སྐོར་ཁོར་ཡུག་ནི་ཚོང་གཉེར་ཁོར་ཡུག་ཀྱང་རེད། ཉེ་བའི་ལོ་ཤས་རིང་གཞིས་རྩེས་རིག་གནས་ཡུལ་སྐོར་ཁྲིད་སྟོན་དུ་བྱས་ནས་ཐོན་ལས་གསུམ་པའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། རྨང་གཞིའི་སྒྲིག་བཀོད་ལ་མ་རྩ་གཏོང་བ་ནས་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་བར་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྟོབས་ཤུགས་མཉམ་དུ་བཏོན་ནས་ཡུལ་སྐོར་ཁོར་ཡུག་སྤུས་ལེགས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད།

    སྐྱིད་གྲོང་གྲོང་རྡལ་དུ་ཡུལ་སྐོར་བྱེད་མཁན་ཞིག་ལ་མཚོན་ན་འགྱེས་ཕུག་གྲོང་ཚོ་ནི་འགྲོ་དགོས་ངེས་ཀྱི་ས་ཆ་ཞིག་རེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་པ་བརྒྱུད། ཨར་འདམ་ལམ་བཟོ་བ་དང་ཁྱིམ་ཚང་མགྲོན་ཁང་བརྒྱབ་པར་མ་དངུལ་སྒོར་ཁྲི་1000བཏང་ནས་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་སྟེ། “ཞིང་སྡེའི་འབྲོག་གླུ་རྣམ་པའི”གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཤིག་བཏོད་ཡོད། ལོ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། འགྱེས་ཕུག་གྲོག་རོང་ཆེན་པོ་ཡུལ་སྐོར་ཐོན་ཁུངས་གཙོ་བོའི་གྲོང་ཚོ་ཆུང་ངུ་ཞིག་ཏུ་གྱུར་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་19ཚང་མར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་ཡོད།

    ལམ་བར་གྱི་མཐོང་ཐོས་མྱོང་གསུམ་ལས་གསར་འགོད་པར་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་དེར་ཡུལ་སྐོར་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པའི་མྱོང་ཚོར་ཟབ་མོ་བྱུང་།

    གཉེར་སྐྱོང་བྱེད་པོའི་ཡིད་ཆེས་བརྟན་དུ་ཕྱིན་པ།

    བསམ་གྲུབ་རྩེ་ཆུས་ཞོལ་བྱང་ལམ་ཨང་167པའི་རྟ་མགྲིན་གསང་ཆུའི་རང་བྱུང་ཆུའི་བཟོ་གྲྭར་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་པ་དང་བསྟུན་ནས། བཟོ་པ་རྣམས་རྟ་མགྲིན་གསང་ཆུའི་ཚོང་རྟགས་སྦྱར་བའི་འགྱིག་དམ་གཏེར་ཆུ་དག་དུག་སེལ་འཁོར་ཁང་ནས་དབོར་བའི་ལས་ལ་བྲེལ་བཞིན་འདུག

    2014ལོར་ཆུའི་བཟོ་གྲྭའི་འགན་འཁུར་བ་བུ་ཆུང་གིས་ཐང་རྒོད་དེ་ཉོས་ནས་བཟོ་ཁང་ཞིག་བཙུགས་ཤིང་། རི་འགོ་ནས་ཤང་ཤང་དུ་རྒྱུག་བཞིན་པའི་རང་བྱུང་ཆུ་མིག་གི་ཐོན་ཁུངས་ལ་བརྟེན་ནས“རྟ་མགྲིན་གསང་ཆུའི”ཚོང་རྟགས་ཐོ་བཀོད་དེ་ཀུང་སི་བཙུགས་པ་དང་མངགས་ཐོའི་གྲངས་འབོར་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། 2022ལོའི་ཟླ་བཞི་པར་བུ་ཆུང་གིས་མ་དངུལ་སྒོར་ཁྲི་40ལྷག་ཙམ་རང་གྲབས་ཀྱིས་རྦད་དེ་རང་འགུལ་ཅན་གྱི་གཏེར་ཆུ་ཐོན་སྐྱེད་འཕྲུལ་་འཁོར་གཅིག་ཉོས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་དེ་གའི་འགྱིག་དམ་ཆུའི་ཁེ་ལས་དང་པོའི་ངོས་ནས། མིག་སྔར་ཀུང་སིའི་ཉིན་རེར་གཏེར་ཆུ་ཐོན་ཚད་འགྱིག་དམ་500ལྷག་ཙམ་ཟིན་ནས་གཞིས་རྩེའི་འགྱིག་དམ་ཆུའི་ཁྲོམ་རའི་ཐོབ་སྐལ་60%བཟུང་ཡོད།

    ཉེ་བའི་ལོ་གཉིས་ནང་བུ་ཆུང་ལ་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ནི་ཁྲལ་དོན་དང་དངུལ་ཁང་སོགས་སྡེ་ཚན་དང་འབྲེལ་བ་བྱེད་དགོས་པ་འདི་ཡིན་ཞིང་། ཁོང་གིས“དེ་སྔོན་ལས་ཀ་ཞིག་སྒྲུབ་དགོས་ཚེ་ཡར་མར་ཐེངས་མང་པོར་འགྲོ་དགོས་ཀྱི་འདུག ད་ཆ་འགྲོ་ཐེངས་གཅིག་ལ་ཚང་མ་སྒྲུབ་ཐུབ་ཀྱི་འདུག”ཅེས་བཤད།

    འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ལས་སྒྲུབ་ཀྱི་བརྒྱུད་རིམ་ཁུ་བསྡུའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་ཞིབ་མཆན་འགོད་པའི་ཞབས་འདེགས་དོན་ཚན་མང་དག་ཅིག་ཤེས་སུ་འཇུག་པའི་ལམ་ལུགས་ཀྱི་ཞིབ་མཆན་འགོད་སྟངས་ལག་ལེན་བསྟར་བས་གཉེར་སྐྱོང་བྱེད་པོས་ལས་དོན་སྒྲུབ་པའི་ལྷུ་ཚིགས་དང་མ་གནས་ཀྱི་གཏོང་སྒོ་ཉུང་དུ་དང་ལས་ཕྱོད་ཆེ་རུ་ཕྱིན་ནས་གུ་ཡངས་དང་སྟབས་བདེའི་ཚོང་གཉེར་ཁོར་ཡུག་གཏོད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    བུ་ཆུང་གིས་གསར་འགོད་པར་སྲིད་གཞུང་དང་སྡེ་ཁུལ་གྱི་ལྕག་སྐུལ་འོག་ཁོང་གིས་སང་ལོ་སླར་ཡང་ཐོན་སྐྱེད་འཕྲུལ་འཁོར་ཞིག་ཉོ་རྩིས་ཡོད་ཅེས་བརྗོད་པ་དང་། ཡང་ཁོང་གིས“ས་གནས་དེ་གའི་ཚོང་གཉེར་ཁོར་ཡུག་ཡག་ལ་ཁྲོམ་རའི་མདུན་ལམ་ཡང་ཆེན་པོ་ཡོད་པས། ང་ཚོས་ཚད་གཞི་མི་འདྲ་བའི་འགྱིག་དམ་ཆུ་མང་དུ་བཏང་ནས་སྣ་མང་ཅན་གྱི་ཐོན་རྫས་ཀྱི་གྲུབ་ཆར་བརྟེན་ནས་ཁྲོམ་ར་བཟུང་ཚད་སྔར་བས་ཆེ་རུ་གཏོང་གི་ཡིན”ཞེས་བཤད།

    འགྲེམས་ཚོགས་སུ་གོ་སྐབས་གསར་པ་འཚོལ་བ།

    ཟླ་9ཚེས་28ཉིན་རང་སྐྱོང་ལྗོངས་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2023ལོའི་གཞིས་རྩེའི་ཀྲུང་ཕྱིའི་ཚོང་འདུས་འགོ་ཚུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཁེ་ལས་155གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་འཛོམས་ཏེ། འགྲེམས་ཁང་ཆེན་པོ་མི་ཚོགས་ཀྱིས་ཁེངས་ནས་གང་སར་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཡོད།

    ཉེ་བའི་ལོ་ཤས་རིང་། འགྲེམས་ཚོགས་ནི་འཛད་སྤྱོད་འཕར་བར་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། འགྲེམས་ཁང་གི་དབུས་སུ་བཟོ་རྩལ་མཛེས་ཤིང་སྤུས་ཀ་དག་པའི་ཐོན་རྫས་སྣ་ཚོགས་བཤམས་ཡོད་པའི་འགྲེམས་གནས་ཤིག་གིས་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད། འགྲེམས་གནས་ཀྱི་འགན་འཁུར་བ་རྒྱ་གར་གྱི་འགྲེམས་ཞུགས་ཚོང་པ་དབྱི་ནའེ་ཐེ·ཧན་གྱིས་ད་ཐེངས་ཀྱི་འགྲེམས་ཞུགས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། གསར་འགོད་པར་འགྲེམས་སྟོན་འགོ་ཚུགས་པའི་ཉིན་དེའི་ཕྱི་དྲོ་ཁ་དཀྲིས་དང་སྟོད་ལྷེ་20ལྷག་ཙམ་བྲིན་སོང་། “རིན་གོང་ཁེ་ལ་སྤུས་ཀ་ལེགས་པའི་ཁ་ཆེ་ཤ་སྐམ་དང་སྤོས་ཡང་བྲིན་ཁ་རྒྱུག་ལ། འདི་གར་ཡོང་མཁན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

    གཞིས་རྩེ་གྲོང་ཁྱེར་ནེ་པ་ལ་དང་འབྲུག་ཡུལ་སོགས་རྒྱལ་ཁབ་དང་སྦྲེལ་ཡོད་པ་མ་ཟད། འགག་སྒོ་མང་ཞིང་ཟོག་འདྲེན་འགྲོ་འོང་མང་དུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཚོང་པར་གོ་སྐབས་གསར་པ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།