ཀྲུང་གོ་དང་མར་ཐའི་སློབ་གྲྭ་གཉིས་ཀྱིས་ཡུལ་སྐོར་སློབ་གསོའི་མཉམ་ལས་གྲོས་མཐུན་བཞག་པ།
འདི་ནི་ཟླ་11ཚེས་22ཉིན་མར་ཐའི་རྒྱལ་ས་ཝ་ལེ་ཐ་ནས་པར་བླངས་པའི་སློབ་གྲྭ་གཉིས་ཀྱི་ཡུལ་སྐོར་སློབ་གསོའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ལེ་ཐ་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་མར་ཐའི་ཡུལ་སྐོར་སློབ་གླིང་དང་ཧྲང་ཧའེ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་གིས་མར་ཐའི་རྒྱལ་ས་ཝ་ལེ་ཐ་རུ་ཡུལ་སྐོར་སློབ་གསོའི་མཉམ་ལས་གྲོས་མཐུན་བཞག་པ་རེད།
གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཧྲང་ཧའེ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་མར་ཐ་རྒྱལ་སྤྱིའི་སློབ་གླིང་དངོས་སུ་བཙུགས་པ་མཚོན་ཞིང་། དེས་རྒྱལ་ཁབ་གཉིས་པོར་ཡུལ་སྐོར་དང་གསོལ་མགྲོན་ཁང་དོ་དམ་ལས་རིགས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་གཞོལ་རྒྱུ་རེད། དེ་ནི་མར་ཐའི་ཡུལ་སྐོར་སློབ་གླིང་ཙམ་མ་ཟད། མར་ཐའི་རྒྱལ་བཙུགས་མཐོ་རིམ་སློབ་གླིང་དང་སློབ་གྲྭས་ཀྲུང་གོར་བཙུགས་པའི་མཉམ་ལས་ཡན་ལག་སློབ་གྲྭ་ཐོག་མ་དེའང་རེད།
དེ་ཉིན་འཚོགས་པའི་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་མར་ཐའི་ཡུལ་སྐོར་པུའུ་ཀྲང་ཁེ་ལའེ་ཏུན·པར་ཐུའོ་ལུའོ་ཡིས། ཧྲང་ཧའེ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་མར་ཐ་རྒྱལ་སྤྱིའི་སློབ་གླིང་བཙུགས་པ་དེ་ནི་སློབ་གསོ་དང་ཡུལ་སྐོར་ཁྱབ་ཁོངས་ནང་མ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་རེད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
མར་ཐར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཏུན་ཧའེ་ཡིས། ཀྲུང་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་51སོང་རིང་ཕྱོགས་གཉིས་པོའི་འབྲེལ་བར་སྔ་ཕྱི་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་ཏུ་དངོས་སྒྲུབ་མཉམ་ལས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཧྲང་ཧའེ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་མར་ཐ་རྒྱལ་སྤྱིའི་སློབ་གླིང་གིས་སློབ་མ་ཚོར་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོའི་ཐོན་ཁུངས་མཁོ་འདོན་བྱས་ནས། ཀྲུང་མའི་སློབ་གསོ་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐར་ཁུང་གསར་པ་བཏོད་དེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།