དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་ཡོད་པའི་པེར་ཀྲེམ་གྱི་བཟོ་སྐྲུན་མཁས་ཅན་ཞིག

    པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི“ཀྲུང་གོའི་གཏམ་རྒྱུད”ཀྱི་རིམ་སྤེལ་འཆད་ཁྲིད་མོང་སི་སློབ་ཆེན་དུ་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

    འདི་ནི་འཆད་ཁྲིད་བྱ་ཡུལ་ཡིན་པ།

    མི་དམངས་དྲ་བ་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི“ཀྲུང་གོའི་གཏམ་རྒྱུད”ཀྱི་རིམ་སྤེལ་འཆད་ཁྲིད་ཐེངས་གསུམ་པ་པེར་ཀྲེམ་གྱི་མོང་སི་སློབ་ཆེན་དུ་བྱས་པ་རེད། པེར་ཀྲེམ་གྱི་གྲགས་ཅན་བཟོ་སྐྲུན་མཁས་ཅན་དང་ལག་རྩལ་ཆེ་མོ་བ་ཀེ་ཅན་གྱིས“ཀྲུང་གོར་ཡོད་པའི་པེར་ཀྲེམ་གྱི་བཟོ་སྐྲུན་མཁས་ཅན་ཞིག”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། ཁོང་ཀྲུང་གོར་ལས་ཀ་དང་འཚོ་བ་བསྐྱལ་བའི་བརྒྱུད་རིམ་དང་དེ་བཞིན་ཀྲུང་གོའི་བཟོ་སྐྲུན་དང་རིག་གནས་ཤེས་རྟོགས་བྱས་ཚུལ་བརྗོད་ཡོད། མོང་སི་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག་དང་། སྒྱུ་རྩལ་ཚན་ཁག ཡིག་སྒྱུར་སློབ་གླིང་བཅས་ཀྱི་སློབ་མ་དང་དགེ་རྒན་100ལྷག་ཙམ་དེའི་ནང་ཞུགས་ཡོད་ཅིང་། དེ་ནི་པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི“ཀྲུང་གོའི་གཏམ་རྒྱུད”ཀྱི་རིམ་སྤེལ་འཆད་ཁྲིད་པེར་ཀྲེམ་གྱི་མཐོ་སློབ་ཏུ་སྤེལ་ཐེངས་ཐོག་མ་དེ་རེད།

    ཀེ་ཅན་གྱིས་ཀྲུང་གོའི་རིག་གནས་ཤེས་རྟོགས་གཏིང་ཟབ་ཐུབ་ལ་རྒྱ་སྐད་ཀྱང་ཆུ་རྒྱུག་རྒྱུག་ཤོད་ཤེས་ཀྱི་ཡོད། ཁོང་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་སའི་ལྕགས་དང་ངར་ལྕགས་ཀྱི་མཆོང་སྟེགས་གངས་ཤུད་ཆེན་པོ་དང་། 2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ཀྱི་པེར་ཀྲེམ་གྱི་འགྲེམས་ཁང་དང་། ཀྲུང་གོར་བཅའ་སྡོད་པེར་ཀྲེམ་གྱི་གཞུང་ཚབ་ཆེ་མོ་ཁང་གསར་པ། རྒྱལ་ཁབ་ཟློས་གར་ཁང་ཆེན་པོ་སོགས་ཀྱི་ཇུས་འགོད་དང་ཕིང་ཡའོ་གནའ་གྲོང་གི་གྲོང་ཁྱེར་འཆར་འགོད་སོགས་ཨར་སྐྲུན་རྣམ་གྲངས་མང་པོར་ཞུགས་ཡོད། དེའི་ནང་རྒྱལ་སའི་ལྕགས་དང་ངར་ལྕགས་ཟམ་ཆེན་གསར་པར་གོ་ལ་ཧྲིལ་པོའི་ཟམ་པ་ཇུས་འགོད་བཟོ་སྐྲུན་གྱི་བྱ་དགའ་མཐོ་ཤོས་ཏེ“ཡུའེ་ཅིན·ཧྥེ་ཀེ་བྱ་དགའ”ཐོབ་ཡོད།

    ཀེ་ཅན་གྱི་ཀྲུང་གོའི་གཏམ་རྒྱུད་དེ་ཁོང་ལོ་ན་ཆུང་དུས་ནས་ཀྲུང་གོའི་སྐད་ཡིག་དང་རིག་གནས་ལ་དགའ་ཞེན་ཡོད་པ་ལས་འགོ་ཚུགས་ཤིང་། ཁོང་གིས་རྒྱ་ཡིག་སྦྱངས་ནས་ད་བར་ལོ27སོང་ཡོད་ལ། ཀྲུང་གོར་འཚོ་བ་བསྐྱལ་ནས་ལོ་20ལྷག་ཙམ་སོང་ཡོད།

    ཀེ་ཅན་གྱིས་ཀྲུང་གོའི་རིག་གནས་ལ་ཤེས་རྟོགས་དང་། དགའ་ཞེན། དེ་བཞིན་རྒྱུན་མཐུད་ཆོག་པའི་རང་བཞིན་གྱི་བཟོ་སྐྲུན་ལ་དད་གུས་དང་ལག་ལེན་བྱེད་ལུགས་ཚང་མ་ཁོང་གི་བཟོ་སྐྲུན་རེ་རེའི་འཆར་འགོད་བརྩམས་ཆོས་ཁྲོད་ནས་མངོན་གྱི་ཡོད། ཁོང་གིས་པར་རིས་བརྒྱ་ཙམ་སྤྱད་དེ་ཀྲུང་པེར་རྒྱལ་ཁབ་གཉིས་དབར་བཟོ་སྐྲུན་དང་། ཟམ་པ། མཛེས་ལྗོངས་ཇུས་འགོད། གྲོང་ཁྱེར་འཆར་འགོད། བཟོ་སྐྲུན་རྒྱུ་ཆར་ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་ལ་མཉམ་ལས་མང་པོ་བྱས་པ་ངོ་སྤྲོད་བྱས་ནས། དེར་ཡོད་པའི་དགེ་སློབ་ཀྱིས་ཀྲུང་གོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སོགས་ཐད་རྒྱུན་མཐུད་ཆོག་པའི་རང་བཞིན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་དང་བྱེད་ཐབས་ཤེས་རྟོགས་ཐུབ་པར་བྱས་ཡོད།

    ད་ཐེངས་ཀྱི་འཆད་ཁྲིད་ལ་མོང་སི་སློབ་ཆེན་གྱི་དགེ་སློབ་ཚོའི་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅིང་། མོང་སི་སློབ་ཆེན་ཡིག་སྒྱུར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧན་ཅིན་ཝུན་གྱིས་པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་སློབ་ཆེན་དུ་ངོ་མཚར་ཆེ་བའི་འཆད་ཁྲིད་དེ་ལྟ་བུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་ཐེངས་ཀྱི་བྱེད་སྒོ་ལས་མོང་སི་སློབ་ཆེན་དང་པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་དབར་ཕན་ཚུན་རྒྱུས་མངའ་ལོན་པའི་འབྲེལ་ཟམ་བཙུགས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀུང་དབྱི་ཡིས། ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་མོང་སི་སློབ་ཆེན་དང་རྟག་ཏུ་དོན་སྙིང་ལྡན་པའི་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་པ་དང་། དགེ་སློབ་ཚོ་རིག་གནས་ལྟེ་གནས་སུ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།