རི་པིན་གྱི་ཁྲུང་ཧྲེང་དམངས་ཚོགས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཞི་བའི་འདུ་འཛོམས་ཆེ་གྲས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་རི་པིན་གྱི་ནཱ་པ་གྲོང་ཁྱེར་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། རི་པིན་ཁྲུང་ཧྲེང་རྫོང་གི་དམངས་ཚོགས་ཀྱིས་རྫོང་གི་ལྟེ་བའི་གྲོང་ཁྱེར་ནཱ་པ་རུ་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ཞི་བའི་འདུ་འཛོམས་ཆེ་གྲས་བྱས་ཏེ་རི་པིན་སྲིད་གཞུང་དང་ཨ་དམག་གིས་ཁྲུང་ཧྲེང་དམག་དོན་བཙན་རྫོང་ལ་སྐྲུན་རྩིས་བྱེད་པར་ངོ་རྒོལ་དྲག་པོ་བྱས་ནས་སྐད་ཆ་ཤོད་རེས་བརྒྱུད་ཞི་བའི་ལམ་བུ་གཏོད་རྒྱུའི་རེ་འབོད་བྱས་པ་རེད།
ཁྲུང་ཧྲེང་གི་ས་གནས་ཁག་ནས་ཡོང་བའི་དམངས་ཚོགས་7500ལྷག་ཙམ་དེ་ཉིན་གྱི་འདུ་འཛོམས་ལ་ཞུགས་པ་རེད། འདུ་འཛོམས་གཙོ་གཉེར་བྱེད་མཁན་གྱི་གྲོང་མིའི་ཚོགས་པ“ཁྲུང་ཧྲེང་སླར་ཡང་དམག་སའི་རྫོང་ལ་འགྱུར་དུ་མི་འཇུག་པའི་དམངས་ཚོགས་ཚོགས་པའི”ཐུན་མོང་གི་འཐུས་མི་རུའེ་ཆིང་ལེན་ཁྲང་མིན་གྱིས་ཤིས་ཚིག་སྒྲོན་སྐབས། ད་ཐེངས་འདུ་འཛོམས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཁྲུང་ཧྲེང་སླར་ཡང་དམག་འཁྲུག་ནང་གཏན་ནས་ཚུད་དུ་མི་འཇུག་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཞི་བདེ་ཡོང་བར་བྱེད་དགོས་པ་དེ་ཡིན། ཁྲུང་ཧྲེང་བར་མཁོ་བ་ནི་རྟེན་གཞི་དང་། འཕུར་མདེལ། དམག་འཁྲུག་སྐབས་ཉེན་གཡོལ་བྱེད་ས་མ་ཡིན་པར་བློ་བདེའི་ངང་འཚོ་བ་སྐྱེལ་སའི་ཞི་བདེའི་སྤྱི་ཚོགས་རེད་ཅེས་བརྗོད་པ་རེད།
འདུ་འཛོམས་སྐབས་ཁྲུང་ཧྲེང་རྫོང་ཧྲི་ཡོན་གླིང་ཕྲན་དང་། ཀོང་ཀུའུ་གླིང་ཕྲན། ཡུས་ན་གོ་གླིང་ཕྲན་སོགས་ཀྱི་དམག་འཁྲུག་ལ་ངོ་རྒོལ་ཚོགས་པའི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ཏེ། རི་པིན་སྲིད་གཞུང་གིས་ལྷོ་ནུབ་གླིང་བྲལ་རིམ་བཞིན་རང་སྲུང་དཔུང་སྡེའི་འཕུར་མདེལ་རྟེན་གཞིར་བསྐྲུན་པ་དང་རི་པིན་དང་ཨ་རིའི་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་སེམས་ཁྲལ་དང་ངོ་རྒོལ་བྱས་པ་རེད།