གོ་ལ་ཧྲིལ་པོའི་ཐད་གཏོང་ཚོང་གཉེར་གྱི་རྒྱལ་སྤྱིའི་ཚད་གཞི་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཐད་གཏོང་ཚོང་གཉེར་ནི་གྲངས་འཛིན་དཔལ་འབྱོར་དུས་རབས་ཀྱི་ཁེ་ལས་ཀྱི་ཚོང་གཉེར་བྱེད་སྟངས་གལ་ཆེན་གྱི་གྲས་ཤིག་རེད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཤིན་གྱིས། རྒྱལ་སྤྱིའི་ཚད་གཞི་ཅན་རྩ་འཛུགས(ISO)ཀྱིས་ཟླ་11ཚེས་27ཉིན་རྒྱལ་སྤྱིའི་ཚད་གཞི《ཐད་གཏོང་ཚོང་གཉེར་ཞབས་ཞུའི་ཕྱོགས་སྟོན》(ISO/IWA41)དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དེ་ནི་གོ་ལ་ཧྲིལ་པོའི་ཐད་གཏོང་ཚོང་གཉེར་གྱི་རྒྱལ་སྤྱིའི་ཚད་གཞི་ཐོག་མ་དེ་ཡིན་པ་རེད།
ཚེས་23ཉིན་འཚོགས་པའི་ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཟླ་རེའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲང་ཤིན་གྱིས་ཚད་གཞི་དེ་ནི་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་དང་། དེ་བཞིན་ཨེ་ཤེ་ཡ་ཚོང་གཉེར་མནའ་འབྲེལ། ཨེ་ཤེ་ཡའི་ཁེ་ལས་འབྲིང་ཆུང་གི་ལས་འཛིན་ལྷན་ཚོགས་སོགས་སྒྲིག་གཞི་སྒྲིག་འཛུགས་བྱས་ནས། དུས་ཡུན་ལོ་གཉིས་སྤྱད་དེ་ཐུན་མོང་ཞིབ་བཟོ་བྱས་པ་ཞིག་རེད་ཅེས་བརྗོད།
“ཚད་གཞི་དེའི་ནང་དོན་ནང་ཐད་གཏོང་ཚོང་གཉེར་ཁྱབ་ཁོངས་དང་། ཚད་ལྡན་རང་བཞིན་གྱི་བེད་སྤྱོད་ཡིག་ཆ། ཐ་སྙད་དང་མཚན་ཉིད། སྤྱིའི་རྩ་དོན། ཞབས་ཞུའི་བརྒྱུད་རིམ། ཐད་གཏོང་ཚོང་གཉེར་ནང་ཞུགས་མཁན་ཕྱོགས་ཀྱི་གཉེར་སྐྱོང་དོ་དམ། ཞིབ་བཤེར་དང་ཚོད་སྐོར་བཅས་དང་དེ་བཞིན་རྒྱུན་མཐུད་ལེགས་སུ་གཏོང་བ་སོགས་ཁག་8ཚུད་ཡོད། ཚད་གཞི་དེ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་ཐད་གཏོང་ཚོང་གཉེར་ཞབས་ཞུའི་རྣམ་པ་ཁྱབ་གདལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད”ཅེས་ཀྲང་ཤིན་གྱིས་བརྗོད་པ་རེད།