དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གཏན་འབེབས་ལས་འགལ་ནས་གཉེན་སྒྲིག་དང་། འདས་མཆོད། དགའ་སྟོན་རྟེན་འབྲེལ་གཉེར་བའི་དཔེ་མཚོན་གནད་དོན་ཁག་5བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་སྲིང་ལྷོད་མེད་ངང་བརྟན་དུ་གཏོང་བ། སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ། སྲོལ་གསར་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྩད་ཆོད་པའི་གཏན་འབེབས་ལས་འགལ་ནས་གཉེན་སྒྲིག་དང་། འདས་མཆོད། དགའ་སྟོན་རྟེན་འབྲེལ་བཅས་གཉེར་བའི་དཔེ་མཚོན་གནད་དོན་5བརྡ་ཁྱབ་བཏང་བ་རེད།

    ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའེ་མིང་གིས་གཏན་འབེབས་ལས་འགལ་ནས་འདས་མཆོད་སྒྲུབ་ཅིང་། 2021ལོའི་ཟླ་7པར་ཁྲེན་ཧའེ་མིང་གིས་ཕ་འདས་པོར་རྗེས་འཇུག་བྱས་ཚུལ་ཇི་མ་ཇི་བཞིན་དགོངས་སྐོར་སྙན་སེང་ཞུས་མེད་པ་དང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་གདན་ཞུ་བྱས་པ་མ་ཟད། འབུལ་མཚན་དངུལ་སྒོར་ཁྲི་9.99བླངས་ཡོད་པ་རེད། ཁྲེན་ཧའེ་མིང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པ་རེད། 2023ལོའི་ཟླ་10པར་ཁྲེན་ཧའེ་མིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་དང་། སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་རེད། ཉེས་གསོག་གི་དོགས་གཞི་ཡོད་རྐྱེན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་དཔྱད་ཞུ་གཏུག་བྱེད་པར་རྩིས་སྤྲད་པ་རེད།

    ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་འཐུས་ཚོགས་ཞིང་འབྲོག་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཟླ་བས་གཏན་འབེབས་ལས་འགལ་ནས་བུ་མོའི་གཉེན་སྟོན་གཉེར་ཞིང་། 2023ལོའི་ཟླ་7པར་ཕུན་ཚོགས་ཟླ་བས་བུ་མོའི་གཉེན་སྟོན་གཟབ་རྒྱས་གཉེར་བ་དང་། གཉེན་སྟོན་གནས་ཚུལ་ཇི་མ་ཇི་བཞིན་དགོངས་སྐོར་སྙན་སེང་ཞུས་མེད་པ་མ་ཟད། གཉེན་སྟོན་ལ་དངོས་སུ་ཞུགས་མཁན་མི་གྲངས་དང་། འགྲོ་གྲོན་གཏོང་སྒོ། སྤྱད་པའི་རླངས་འཁོར་བཅས་ཀྱི་གྲངས་འབོར་སྙན་སེང་བྱས་པ་ལས་མི་གྲངས་800ལྷག་ཙམ་དང་། སྒོར་ཁྲི་11ལྷག་ཙམ། རླངས་འཁོར་23བཅས་སོ་སོར་མང་བ་ཡོད་པ་རེད། 2023ལོའི་ཟླ་9པར་ཕུན་ཚོགས་ཟླ་བར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།

    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་ནོར་སྲིད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལི་ཀུའེ་ཤང་གིས་གཏན་འབེབས་ལས་འགལ་ནས་བུ་ལ་ལས་ཞུགས་ཐུབ་པའི་གསོལ་སྟོན་གཉེར་ཞིང་། 2022ལོའི་ཟླ་བརྒྱད་པར་ལི་ཀུའེ་ཤང་གིས་བུ་ལ་གཞུང་ཞབས་པར་ཚུད་པའི་གསོལ་སྟོན་གཉེར་བ་དང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་11གདན་དྲངས་པ་དང་འབྲེལ་འབུལ་མཚན་དངུལ་ཡང་བླངས་ཡོད། ལི་ཀུའེ་ཤང་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད། 2023ལོའི་ཟླ་8པར་ལི་ཀུའེ་ཤང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་རེད།

    ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཞིང་འཕྲུལ་ཁྱབ་སྤེལ་ས་ཚིགས་ཀྱི་ཀྲན་ཀྲང་ཀའོ་ཝུའེ་ཧུའུ་ཡིས་འདས་མཆོད་གཉེར་བ་སོགས་སྦ་གསང་བྱས་ནས་སྙན་སེང་ཞུས་མེད་ཅིང་། 2018ལོ་དང་2019ལོར་ཀའོ་ཝུའེ་ཧུའུ་ཡིས་མ་འདས་མོར་རྗེས་འཇུག་དང་ཁང་པ་ཉོས་པར་གསོལ་སྟོན་གཉེར་བའི་གནས་ཚུལ་སྦ་གསང་བྱས་ནས་སྙན་སེང་ཞུས་མེད་པ་རེད། ཀའོ་ཝུའེ་ཧུའུ་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད་པ་རེད། 2023ལོའི་ཟླ་8པར་ཀའོ་ཝུའེ་ཧུའུ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།

    མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་སློབ་འབྲིང་གི་སློབ་སྤྱི་ལུའུ་ཕིན་གྱིས་གཏན་འབེབས་ལས་འགལ་ནས་བུར་གཉེན་སྟོན་གཉེར་ཞིང་། 2022ལོའི་ཟླ་བདུན་པར་ལུའུ་ཕིན་གྱིས་བུར་གཉེན་སྟོན་གཉེར་བ་དང་གཉེན་སྟོན་གཉེར་ཚུལ་ཇི་མ་ཇི་བཞིན་དགོངས་སྐོར་སྙན་སེང་ཞུས་མེད་པ་དང་། སྙན་སེང་ཞུས་པའི་ནང་གཉེན་སྟོན་ཐོག་ཞུགས་པའི་མི་གྲངས་156ཡོད་པ་དང་དངོས་སུ་མི་213ཞུཌ་པའི་ཁྲོད་དོ་དམ་དང་ཞབས་ཞུ་བྱ་ཡུལ་101ཡོད་པ་དང་འབུལ་མཚན་དངུལ་སྒོར་ཁྲི་6.4བླངས་ཡོད་པ་རེད། 2023ལོའི་ཟླ་7པར་ལུའུ་ཕིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།