ལོ་35ཡན་གྱི་མིར་ན་ཚ་འདིའི་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱེད་རྩིས་འདུག
ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་14ཡིས་མཉམ་དུ《བདེ་ཐང་ཀྲུང་གོའི་བྱ་སྤྱོད —— སྙིང་ཀླད་ཁྲག་རྩའི་ནད་འགོག་བཅོས་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི(2023ལོ་ནས་2030ལོ་བར)》བཟོས་ནས་བཀྲམ་སྟེ། སྙིང་ཀླད་ཁྲག་རྩའི་ནད་འགོག་བཅོས་དང་འབྲས་སྐྲན་འགོག་བཅོས་ཐད་བླང་བྱ་གསར་པ་བཏོན་འདུག
གཅིག ལོ་35ཡན་གྱི་མིར་སྙིང་ཀླད་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་ཡིན་པ།
ལག་བསྟར་ཇུས་གཞིར་གཞིགས་ན། ལོ་35ཡན་གྱི་མིར་སྙིང་ཀླད་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱས་ནས། སྙིང་ཀླད་ཁྲག་རྩའི་ནད་ཕོག་ཉེན་ཆེ་བའི་མིར་རྒྱུན་དུ་ནས་ཁྲག་ཤེད་ལྟ་བ་དང་ལོ་ཕྱེད་ནས་ཁྲག་ཚིལ་དང་ཁྲག་མངར་བརྟག་དཔྱད་ཐེངས་རེ་བྱེད་པར་འབོད་སྐུལ་བྱས་ཡོད་པ་རེད།
གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ནི་སྙིང་ཀླད་ཁྲག་རྩའི་ནད་རིགས་འགོག་བཅོས་ཀྱི་ཞབས་འདེགས་ཞུ་ས་གལ་ཆེན་ཞིག་རེད། ལག་བསྟར་ཇུས་གཞིར་གཞིགས་ན། གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཀྱིས་ཁྲག་ཤེད་དང་། ཁྲག་མངར། ཁྲག་ཚིལ་བཅས་གསུམ་པོར་མཉམ་དུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 2030ལོར་སླེབས་སྐབས། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་པར་གཞི་རིམ་ནས་ཚད་ལྡན་གྱི་དོ་དམ་དང་ཞབས་འདེགས་ཞུ་ཚད་70%ཟིན་པ་བྱ་རྒྱུ་དང་། སྨན་བཅོས་བྱེད་ཚད་དང་ཚོད་འཛིན་ཐུབ་ཚད་2018ལོའི་རྨང་གཞིའི་ཐོག་རྒྱུན་མཐུད་མཐོ་རུ་འགྲོ་ཐུབ་པ་བྱས་ཏེ། ལོ་35ཡན་གྱི་གྲོང་མིར་ལོ་རེར་ཁྲག་ཚིལ་བརྟག་དཔྱད་བྱེད་ཚད་35%ཟིན་པ་བྱེད་རྒྱུ་རེད།
གཉིས། འབྲས་སྐྲན་འགོག་བཅོས་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་གསར་པ་ཁྱབ་བསྒྲགས་བྱས་པ།
ཇུས་གཞིའི་ནང་བཏོན་དོན།2030ལོར་སླེབས་སྐབས། རང་རྒྱལ་གྱི་འབྲས་སྐྲན་འགོག་བཅོས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། ཉེན་ཁའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དང་། འབྲས་སྐྲན་དབྱེ་བཤེར་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ། ཚད་ལྡན་སྨན་བཅོས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུ། འབྲས་སྐྲན་ཕོག་ཚད་དང་མི་འཆི་ཚད་འཕར་འགྲོ་བའི་རྣམ་པ་འགོག་ཐུབ་རྒྱུ། ནད་པའི་ནད་གཞིའི་ཁུར་པོ་ཚོད་འཛིན་ནུས་ལྡན་ཐུབ་རྒྱུ་བཅས་རེད།
ཇུས་གཞིའི་ནང་དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་དང་། འབྲས་སྐྲན་སློང་བའི་འབྲེལ་ཡོད་གཉན་ཚད་ཉུང་དུ་གཏོང་བ། ཁོར་ཡུག་དང་བདེ་ཐང་གི་ལས་དོན་ལ་ཤུགས་སྣོན། ལས་རིགས་རང་བཞིན་གྱི་སྐྲན་ནད་འགོག་བཅོས་ལ་སྐུལ་འདེད་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་2030ལོར་སླེབས་སྐབས་འབྲས་སྐྲན་འགོག་བཅོས་ཀྱི་ལྟེ་བའི་ཤེས་བྱ་ཤེས་རྟོགས་ཐུབ་ཚད་80%ཡན་ཟིན་པ་བྱ་རྒྱུ་ཡིན་པ་རེད།
ཇུས་གཞིའི་ནང་བཏོན་དོན། འབྲས་སྐྲན་འགོག་བཅོས་ལས་ཁུངས་ཀྱི་ནུས་པ་ཆེ་རུ་གཏོང་བར་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་དང་། ཞིང་ཆེན། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་འབྲས་སྐྲན་འགོག་བཅོས་དྲ་བ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།