གནས་འཕྲོད་ལས་འཚམ་མཛེས་མཐུན་ལྡན་པའི་གྲོང་གསེབ་གསར་པ་བསྐྲུན།
—— སྟོད་ལུང་བདེ་ཆེན་ཆུས་ཀྱིས“གྲོང་འདབས་རྣམ་པའི་གྲོང་གསེབ་དར་རྒྱས་ཀྱི་ལྷ་སའི་མ་དཔེ”ཧུར་ཐག་བཏོད་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་ཁག་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ། གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་བཏོན་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ནས་གཙོ་གནད་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
ཆབ་སྲིད་ཀྱི་སྣེ་ཁྲིད་ལ་དམིགས་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་མཐའ་འཁྱོངས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་རེད། འདི་ལོ་ཚུན་དུ། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་ཡིག་ཆ་གལ་ཆེན་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ཐེངས་68བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲཌ་སློབ་སྦྱོང་ཐེངས་85བྱས་པ། སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། ཆུས་ཨུད་གྲོང་གསེབ་ལས་དོན་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་འཁུར་བཅས་བྱེད་པའི་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས“ཚོཌ་དཔོན་གཉིས”ཀྱི་འགན་འཁུར་བའི་ཆུས་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོཌ་ཆུང(ཆུས་ཨུད་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་འགོ་ཁྲིད་ཚོཌ་ཆུང)ལེགས་སྒྲིག་བྱས་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་ནན་དུ་བཏང་བ་རེད།
གཞན་ཡང་། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲེལ་བསྡུ་སྒྲིལ་མ་དངུལ་རྣམ་གྲངས་9ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.92བཏང་བ་དང་། ལས་འགོ་འཛུགས་ཚད་100%ཟིན་པ། མིག་སྔར་མ་དངུལ་སྒོར་དུང་ཕྱུར་1.94བཏང་ཟིན་པ་རེད། ཞིང་འབྲེལ་ཇུས་གཞིའི་དུས་དཀྱིལ་ལེགས་སྒྲིག་རྣམ་གྲངས་4ལ་ཁྱོན་མ་དངུལ་སྒོར་ཁྲི་1699.32བཏང་བ་དང་། 2024ལོའི་གྲབས་གསོག་རྣམ་གྲངས་19ལ་ཚོད་དཔག་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.68གཏོང་གི་ཡོད་པ་རེད།
མཐའ་ཚད་ཀྱི་དམར་ཐིག་ལ་དམིགས་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་གྱི་རང་བཞིན་ལྡན་པའི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་ཆེན་པོ་གཉིས་བརྟན་སྲུང་མཐའ་འཁྱོངས་བྱས་ནས“ཞིང་བརྟེན་འབྲུ་གསོག་དང་། རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཚད་གཞི་མཐོ་བའི་ས་ཞིང་སྐྲུན་ཤུགས་ཆེ་རུ་བཏང་ཡོད། 2021ལོ་དང་2022ལོའི་ཚད་གཞི་མཐོ་བའི་ཞིང་ཁར་ཆ་མཚོན་ན་ལས་འབོར་གྱི་65%ལེགས་གྲུབ་ཟིན་པ་དང་། ས་ཞིང་ནང་བཤུག་དང་ཡང་བསྐྱར་འདེབས་ཚད་མུའུ་3670ཟིན་པ། འབྲུ་རིགས་འདེབས་རྒྱ་མུའུ་ཁྲི་3.81ཟིན་པ། ལོ་འཁོར་གྱི་ལས་འགན་གྱི་100%ལེགས་གྲུབ་ཟིན་པ། སྔོ་ཚལ་འདེབས་རྒྱ་མུའུ་ཁྲི་0.57དང་ཐོན་ཚད་ཏུན་ཁྲི་0.83ཟིན་པ། ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་ཐོན་ཚད་ཏུན་ཁྲི་0.056ཟིན་པ། འོ་མ་ཐོན་ཚད་ཏུན་ཁྲི་0.17ཟིན་པ། སྒོ་ང་ཐོན་ཚད་ཏུན་46.2ཟིན་ཡོད།
“མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཤིང་། མིག་སྔར་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་གྱི་གཅིག་སྡུད་གྲལ་བཤེར་ཐེངས་གཉིས་བྱས་ཏེ། དུད་ཚང་12681དང་ཞིང་འབྲོག་པ་41208ལ་གྲལ་བཤེར་བྱས་པ་དང་། དུད་ཚང་11དང་མི་36ལ་དབྱེ་འབྱེད་ལྟ་ཞིབ་བྱས་པ། དུད་ཚང་6དང་མི་24ལ་ལྟ་ཞིབ་བྱེད་མཚམས་བཞག་པ། ཉེན་ཁ་མུ་མཐུད་ལྡན་པའི་དུད་ཚང་31དང་མི་92ལ“དུད་ཚང་རེར་སྲིད་ཇུས་རེའི”རོགས་སྐྱོར་བྱེད་ཐབས་བཟོས་པ་བཅས་བྱས་པས། མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལས་དམའ་བའི་དབུལ་གྲོལ་དུད་ཚང་གཅིག་ཀྱང་བྱུང་མེད། 2023ལོར་དབུལ་གྲོལ་མི་འབོར་1575གླ་པར་བསྐྱོད་པ་དང་། ལོ་ཧྲིལ་པོའི་ལས་འགན་གྱི་110.6%ལེགས་སྒྲུབ་ཟིན་པ། དབུལ་གྲོལ་དུད་ཚང་གི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་71གི་ལས་ཞུགས་ཐུབ་ཚད་100%ཟིན་ཡོད། དུད་ཚང་50དང་མི་193(དཔེ་འཐེན་དུད་ཚང)གྱི་གཏོང་ཡོང་བསྡོམས་རྩིས་བྱས་པ་བརྒྱུད་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་14730.45ཟིན་པ་ལོ་གོང་མའི་དུས་མཚུངས་ལས་31.85%འཕར་ཡོད།
གྲོང་གསེབ་ཀྱི་འཕེལ་རྒྱས་ལ་དམིགས་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཀུན་ཕན་གྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ལྡན་པའི་དམངས་འཚོ་འཛུགས་སྐྱོང་གཙོ་གནད་དུ་མཐའ་འཁྱོངས་བཟུང་ནས།“རང་ས”དང་། “ཁྱད་ལྡན” “ཐོན་ལས”བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ལག་ལེན་གྱི་ཐབས་ལམ་དུ་བྱས་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་ལྡན་པའི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།
“རང་ས”ནི་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པ་ལ་ཟེར་ཞིང་། ས་ཁོངས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གྲོང་གསེབ་ཏུ་ཨར་འདམ་ལམ་འདིང་བ་དང་། མཛེས་བཟོ། སྔོ་འགྱུར། བཀྲག་མདངས་འཚེར་བ་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཡོད། གྲོང་ཁྱེར་འཆར་འགོད་ཁུལ་ཕུད་པའི་གྲོང་ཚོ་21ནས་མོན་སྟོད་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱས་པའི་དབང་གིས་འཆར་འགོད་བྱེད་མི་དགོས་པ་ཕུད། དེ་བྱིངས་གྲོང་ཚོ་20ཚང་མར་གྲོང་ཚོའི་འཆར་འགོད་བཟོས་ཡོད།
“ཁྱད་ལྡན”ནི་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་སར་ཟེར་ཞིང་། དཔེ་སྟོན་སྐུལ་ཁྲིད་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སྐྲུན་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། “1+3+N”ཡི་ལས་གྲྭ་གཏིང་ཟབ་བསྐྲུན་པ། “མཛེས་སྡུག་ལྡན་པའི་སྟོད་ལུང”+“མཛེས་སྡུག་ལྡན་པའི་རྫོང་གྲོང་དང་། མཛེས་སྡུག་ལྡན་པའི་གྲོང་རྡལ། མཛེས་སྡུག་ལྡན་པའི་གྲོང་གསེབ”+“མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་དང་། མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཁུལ། མཛེས་སྡུག་ལྡན་པའི་ཞིང་སྡེ”སོགས་འཛུགས་གཏོད་བྱེད་སྒོར་ས་ཁོངས་ཧྲིལ་པོའི་རིམ་པ་ཕྱེ་ནས་སྐུལ་འདེད་བཏང་ཡོད།
“ཐོན་རྫས”ནི་ཐོན་ལས་སྐྱེད་སྲིང་ལ་ཟེར་ཞིང་། “ཤང་གཅིག་ལ་སྤུས་རྟགས་གཅིག”གི་ས་གཙང་བདེ་ཐང་ཐོན་ལས་ཀྱི་བཀོད་པ་གཞིར་བཟུང་། རྒུ་རུམ་སྒྲིག་བཀོད་ཞིང་ལས་གླིང་སྐྱེ་ལྡན་སྔོ་ཚལ་དང་། ཀྭ་རིགས་ཤིང་འབྲས། མེ་ཏོག་བཅས་འདེབས་འཛུགས་རྟེན་གཞིར་གཏན་འཁེལ་བྱས་པ་དང་། དམར་གྲོང་རྡལ་སྒྲིག་བཀོད་ཞིང་ལས་གླིང་བཟའ་བྱའི་ཤ་མོ་འདེབས་འཛུགས་རྟེན་གཞིར་གཏན་འཁེལ་བྱས་པ། བདེ་ཆེན་སྒྲིག་བཀོད་ཞིང་ལས་གླིང་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིར་གཏན་འཁེལ་བྱས་པ། “ཀུང་སི་+རྟེན་གཞི་+ཐོན་ལས”ཀྱི་རང་བརྟེན་གཉེར་སྐྱོང་བྱེད་ཐབས་དང“ཀུང་སི་+རྟེན་གཞི་+འདེབས་འཛུགས་དུད་ཆེན”གྱི་མཉམ་ལས་གཉེར་སྐྱོང་བྱེད་ཐབས་སྤྱད་པ། 2022ལོར་རིམ་རྩིས་བྱས་ན་ས་ཞིང་ནང་བཤུག་ལ་ཡོང་འབབ་སྒོར་ཁྲི་784.76བྱུང་བ་དང་། ཁེ་སྤོགས་སྒོར་ཁྲི་1028.14བྱུང་བ། གླ་ཕོགས་སྒོར་ཁྲི་453.74བྱུང་ཡོད།
གྲོང་གསེབ་ཀྱི་བཅོས་སྐྱོང་ལ་དམིགས་པ།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ནས་གྲོང་སྡོད་ལས་དོན་རུ་ཁག་བརྗེ་རེས་དང་། གྲོང་སྡོད་ལས་དོན་རུ་མི་153མངགས་པ། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་21ལེགས་སྒྲིག་བྱས་པ། ལྷོ་ཁ་འཕྱོངས་རྒྱས་རྫོང་གིས་སྐད་འཕྲིན་བྱ་རིམ་ཆུང་གྲས་སྤྱད་དེ་གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བའི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་སྒོས་དཔྱད་གཞིར་བཟུང་བ།《གྲོང་གསེབ་བཅོས་སྐྱོང་ལ་སྐར་མའི་ལམ་ལུགས་ཁྱབ་གདལ་བེད་སྤྱོད་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་པ་མ་ཟད། མིག་སྔར་སྐད་འཕྲིན་བྱ་རིམ་ཆུང་གྲས་གསར་སྤེལ་དང་ཁྱབ་གདལ་གཏོང་བའི་གྲ་སྒྲིག་བྱེད་བཞིན་ཡོད། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་དང་གོ་ཐུབ་པའི་སྐད་ཆར་བརྟེན་ནས“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་དང“གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་བ་རེའི”ལས་དོན་དོན་འཁྱོལ་ཧུར་ཐག་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་གཡུལ་ས་འཛུགས་ཤུགས་ཆེ་རུ་བཏང་ཡོད། ཤེས་དཔལ་དྲིལ་བསྒྲགས་ལག་ལེན་བྱེད་སྒོ་སྣ་ཚོགས་ཕུན་སུམ་ཚོགས་པོའི་ངང་སྤེལ་ནས། གཞི་རིམ་བཅོས་སྐྱོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཚད་གཞི་འཛིན་ས་ཡོད་པར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཡོད།