མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་འགག་སྒོ་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་རར་བཅར་འདྲི་བྱས་པ།
མཐའ་མཚམས་ཉོ་ཚོང་རབ་ཏུ་དར། བློ་བདེ་བག་ཕེབས་ཚོང་ལས་གཉེར།
“ལག་འཚེམ་ལྟོ་ཕད་ལ་དངུལ་ག་ཚོད་རེད”“ཤིང་ཕོར་འདི་གོང་ཁེ་ཙམ་བྱས་ན་འགྲིག་གི་རེད་དམ”མངའ་རིས་ས་ཁུལ་སྤུ་ཧྲེང་འགག་སྒོ་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ཀོང་ཏུང་ནས་སླེབས་པའི་ཡུལ་སྐོར་བ་ཀྲང་ཐའོ་ཡིས་ནེ་པ་ལའི་ཚོང་ཁང་ཀུན་བཟང་ཤིང་ཕོར་ཚོང་ཁང་དུ་ཚོང་ཟོག་གི་རིན་གོང་སྐོར་འདྲི་བཞིན་འདུག ཁོང་གིས་གསར་འགོད་པར“སྤུ་ཧྲེང་དུ་སླེབས་རྗེས་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ལྟ་བར་ལོས་འགྲོ། འདི་གའི་ཚོང་ཟོག་གི་རིན་གོང་ཁེ་པོ་ཡོད་པས་མ་ཚད་ནེ་པ་ལའི་ཁྱད་ཆོས་ཀྱང་ཆེན་པོ་འདུག ངས་ཅ་ལག་ཁ་ཤས་ཉོས་ནས་གཉེན་ཉེ་དང་གྲོགས་པོར་ལག་རྟགས་སྤྲོད་རྒྱུ་ཡིན”ཞེས་བཤད་བྱུང་།
སྤུ་ཧྲེང་རྫོང་ནི་ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་སྦྲེལ་མཚམས་སུ་གནས་ཤིང་། རྒྱལ་ཁབ་ཀྱི་ཚོང་འགྲུལ་འགག་སྒོ་རིགས་དང་པོ་སྟེ། སྤུ་ཧྲེང་འགག་སྒོ་ཡོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་བགྲོད་ལམ་གལ་ཆེན་གྱི་གྲས་རེད། ཐོ་བཀོད་པ་ལྟར་ན། སྤུ་ཧྲེང་རྫོང་གི་དམངས་ཁྲོད་མཐའ་མཚམས་ཉོ་ཚོང་ལ་ལོ་500ཡི་ལོ་རྒྱུས་ལྡན་ཡོད། 1995ལོ་ནས་བཟུང་སྤུ་ཧྲེང་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་རར་གཞི་ཁྱོན་ཅན་གྱི་འཛུགས་སྐྲུན་ཐེངས་ཁ་ཤས་བྱས་པས། ཁྲོམ་རའི་སྒྲིག་བཀོད་ཆ་རྐྱེན་དང་ཚོང་གཉེར་ཁོར་ཡུག་ཧ་ཅང་ལེགས་སུ་སོང་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་སྔར་བས་མང་བའི་ཡིད་དབང་འཕྲོགས་པ་དང་ཡུལ་དེ་གར་ཚོང་གཉེར་ལས་གཏོད་ལ་སླེབས་ཡོད་པ་རེད།
2022ལོའི་ཟླ་བདུན་པར། ནེ་པ་ལའི་ཚོང་པ་ཚེ་རིང་ཕུར་བུ་སྤུ་ཧྲེང་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་རར་སྤོས་པ་དང་སྨི་ངོས་གྲུ་14ཡོད་པའི་ཚོང་ཁང་ཞིག་ཏུ་ནེ་པ་ལའི་ལག་བསླས་སྦ་ལན་དང་། སྟོད་ལྷེ། ཤིང་ཕོར་སོགས་ཁྱད་ལྡན་ཐོན་རྫས་བཙོངས་པ་རེད། འདི་ལོ། ཡུལ་སྐོར་བ་མང་བའི་དུས་དང་བསྟུན་ནས་ཚེ་རིང་ཕུར་བུའི་ལས་གཉེར་ཡོང་འབབ་མུ་མཐུད་མང་དུ་ཕྱིན་པ་མ་ཟད་ཚོང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་བྲིན་ཁ་རྒྱུག་པོ་ཡོད་པ་རེད།
འདི་ལོའི་ཟླ་6པ་ནས་ཟླ་8པའི་བར། ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་ལ་ཚོང་ཁང་གི་ཚོང་ཡང་ཧ་ཅང་ཡག་པོ་འདུག ཉིན་ལྟར་ཡོང་འབབ་སྒོར་3000ཡས་མས་རག་གི་འདུག་ཅེས་ཚེ་རིང་ཕུར་བུས་བརྗོད་ཅིང་། ཁོང་གིས། ཐོག་མར་ཀྲུང་གོར་སླེབས་སྐབས་ཨར་ལས་བྱེད་སར་ལས་ཀ་ཙག་ཙིག་བྱས་ཀྱང་ཡོང་འབབ་མཐོ་པོ་མེད། སྤུ་ཧྲེང་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ཞུགས་ནས་ཚོང་བརྒྱབ་པ་ནས་བཟུང་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་སོང་། ཀྲུང་གོ་སྲིད་གཞུང་གིས་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་ར་བསྐྲུན་པར་ཐུགས་རྗེ་ཆེ་ཞུ། ད་དུང་གཟིགས་སྐྱོང་སྲིད་ཇུས་ཀྱང་མང་པོ་བཏོན་ནས་ང་ཚོ་འདི་གར་བློ་བདེ་པོའི་ངང་ཚོང་རྒྱག་ཏུ་འཇུག་གི་འདུག་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.8བཏང་ནས་སྤུ་ཧྲེང་རྫོང་རྨ་བྱ་ཁ་འབབ་ལྷོ་ངོས་དང་སྤྲང་སྐྱེས་ཆུའི་ཤར་ངོས་སུ་སྤུ་ཧྲེང་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་ར་བསྐྲུན་ཞིང་། ས་སྤྱོད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.27ཙམ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.98ཙམ་ཟིན་པའི་ནང་ཚོང་ཁང་526དང་། ལས་ཤག་དང་གསོལ་མགྲོན་ཁང་172 མཛོད་ཁང་12བཅས་ཡོད། གནས་དེ་ཉིད་རིམ་བཞིན་ཚོང་ཟོག་ཆུང་ངུ་དང་ཡུལ་སྐོར་དྲན་རྟེན་དངོས་རྫས། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་འཚོང་སའི་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་རྒྱལ་སྤྱིའི་ཉོ་ཚོང་བསྡུ་འགྲེམས་ལྟེ་གནས་སུ་གྱུར་པ་རེད།
སྤུ་ཧྲེང་ཐང་ག་མཐའ་མཚམས་ཉོ་ཚོང་ཁྲོམ་རར་སྐྱོད་སྐབས་གང་སར་དར་ཞིང་རྒྱས་པའི་ཉམས་བཟང་མངོན་པའི་ཁར་རྒྱ་སྐད་དང་། བོད་སྐད། ནེ་པ་ལའི་སྐད་ཀྱི་ཚོང་སྐད་དང་གོང་ཚད་སྒྲིག་པ་ནི་སྙན་འཇེབས་ཀྱི་འགྱུར་ཁུག་ལྟ་བུར་གྱུར་ཡོད། མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་སྟེ་སྤུ་ཧྲེང་གི་མཐའ་མཚམས་ཉོ་ཚོང་ལས་མངའ་རིས་ས་ཁུལ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་འབྲེལ་མཐུད་དང་མཉམ་འདྲེས་བྱུང་བ་མ་ཟད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བའི་ཕན་འབྲས་ཀྱི་དཔང་པོ་བྱེད་བཞིན་ཡོད་ཅིང་། མི་དེ་བས་མང་བ“མཐའ་མཚམས་ཉོ་ཚོང་རླངས་འཁོར”ལ་བསྡད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད།