ཐབ་ལ་བསྐོར་ནས་སྡོད་པ་ནས་འོད་ཤུགས་ལ་བརྟེན་ནས་དྲོ་ཇུས་བྱེད་པ།
—— ནག་ཆུའི་འབྲོག་པའི་དུད་ཁྱིམ་གྱི་འགྱུར་ལྡོག་གསར་པའི་སྐོར་བཀོད་པ།
ཚེ་གཡང་ཁྱིམ་གྱི་ཉལ་ཁང་དུ་འོད་ཤུགས་དྲོ་རྩིབས་ཀྱི་གཞོགས་གཉིས་སུ་ཉལ་ཁྲི་ཆེན་པོ་རེ་བསྒྲིགས་ཡོད་པ་དེ་རྒྱུན་གཏན་གྱི་སྣང་ཚུལ་ཙམ་ཡིན་པ་འདྲ་མོད། འོན་ཀྱང་ཁྱིམ་གྱི་བཀོད་པ་འདི་རིགས་ས་བབ་མཐོ་ཚད་སྨི་4700ཡི་བོད་བྱང་ཐང་གི་འབྲོག་ཁུལ་དུ་ཡོད་པ་ལས། མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་གྱི་ཡོད།
དེ་སྔ་བྱང་ཐང་གི་འབྲོག་ཁྱིམ་དུ་ལྕགས་ཐབ་རིང་པོ་ཞིག་ཚོམས་ཆེན་གྱི་དབུས་སུ་བཟོས་ནས་ལོ་གཅིག་གི་དུས་ཚིགས་བཞི་པོར་མེ་བུས་ནས་དྲོ་ཇུས་བྱེད་ཀྱི་ཡོད་ཅིང་། ཟ་སྡོད་གཉིས་ཀ་ཐབ་ཀྱི་འགྲམ་དུ་བྱེད་པ་དང་ནང་མི་རྒན་གཞོན་ཚང་མ་དྲོ་སྐྱིད་ཀྱི་མེ་འོད་འགྲམ་དུ་བསྡད་དེ་རྩྭ་ཐང་གི་དོན་དག་ཆེ་མ་ཆུང་གསུམ་གླེང་སྲོལ་ཡོད།
“འོད་ཤུགས་ལ་བརྟེན་ནས་དྲོ་ཇུས་བྱས་པ་ནས་བཟུང་། ཉལ་ཁང་དུ་དྲོད་ཆེ་བས་ཟ་མ་ཟ་ས་དང་ཉལ་ས་ལོགས་སུ་ཕྱེ་ཡོད”འོད་ཤུགས་ལ་བརྟེན་ནས་དྲོ་ཇུས་བྱས་པས་ཁྱིམ་དུ་གད་རྒྱག་བདེ་བ་དང་གཙང་སྦྲ་དོད་དུའང་ཕྱིན་སོང་ཞེས་ཚེ་གཡང་གིས་འཛུམ་དམུལ་དམུལ་ངང་བཤད།
ཉེ་ཆར། གསར་འགོད་པ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོར་འབྱོར་སྐབས། འབྲོག་པའི་འཚོ་བ་ལྕགས་ཐབ་ལ་བསྐོར་ནས་སྡོད་པ་ནས་དྲོ་རྩིབས་ཀྱི་རྩ་ནས་ཉལ་བའི་འགྱུར་ལྡོག་གསར་པ་མཐོང་བྱུང་། ཁྱིམ་ཚང་གི་སྡོད་སྟངས་ཀྱི་འགྱུར་བ་དེ་ནི་དུས་རབས་གསར་པའི་བྱང་ཐང་འབྲོག་པའི་གྲོང་ཚོའི་འཕེལ་རྒྱས་དང་འཕོ་འགྱུར་གྱི་མཚོན་ཚུལ་ཞིག་རེད།
ཚེ་གཡང་ལྟ་བུའི་ནུས་རྒྱུ་གསར་པ་སྤྱོད་མཁན་གྲོང་མི་ད་ལྟ་དུད་ཁྱིམ་ཁྱོན་50ཡོད་ཅིང་། “ཉིན་ལྟར་གློག་ཏུའུ་10བཞིན་རྩིས་བརྒྱབ་ན། གློག་ཏུའུ་1ལ་སྒོར་0.5དང་ཟླ་རེར་སྒོར་150གྲོན་ཆུང་ཐུབ་ཀྱི་འདུག”ཅེས་སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པའེ་མིང་གིས་བཤད་ཅིང་། ཁོང་གིས།“ཐཱན་མེད”ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཚོད་ལྟའི་འཛུགས་སྐྲུན་ལག་བསྟར་བྱེད་པར་འཚོ་བའི་མ་གནས་གྲོན་ཆུང་བྱས་ནས་མི་སེར་ལ་ཕན་པ་དངོས་འཐོབ་པར་བྱེད་དགོས་ལ། འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་བྱང་ཐང་དུ་གྲོང་གསེབ་དར་རྒྱས་གཏོང་བའི་བགྲོད་ལམ་ཡང་འཚོལ་ཞིབ་བྱེད་དགོས་ཅེས་བརྗོད་ཡོད།
“ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་300བཏང་ནས་དུད་ཚང་གི་ཁང་སྟེང་ནས་འོད་ཤུགས་གློག་བཏང་སྟེ་རྫས་འགྱུར་ནུས་གསོག་སྒྲིག་སྦྱོར་གྱིས“འོད་ཤུགས+ནུས་གསོག”གི་རྣམ་པ་ཞིག་ཆགས་པར་བྱེད་པ་དང་། འབྲོག་པ་མང་ཚོགས་ཀྱི་གློག་ཤུགས“རང་འདོན་རང་སྤྱོད+ཚ་འདོན་དྲོད་འདོན”མངོན་འགྱུར་ཡོང་བ་བྱེད་པ། གྲོང་ཚོའི་ནུས་རྒྱུ་གཙང་མ་མཁོ་སྤྲོད་མང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཡོང་བར་བྱེད་པ། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་ལྗང་མདོག་གྲོང་གསེབ་དང་སྡེ་ཁུལ་འཛུགས་སྐྲུན་གྱི་དཔེ་མཚོན་བཏོད་ཡོད།
སྲོལ་རྒྱུན་གྱི་ལྕི་བས་མེ་གཏོང་བ་ནས་ནུས་རྒྱུ་གཙང་མའི་འོད་ཤུགས་སུ་གྱུར་བའི་བར་འབྲོག་པར་བྱུང་བའི་འགྱུར་ལྡོག་ནི་དེ་ཙམ་གྱིས་ག་ལ་ཚད། ད་ལོ་ལོ་38ལ་སླེབས་པའི་ཚེ་གཡང་ནི་ཁྱིམ་འཛིན་མ་ཞིག་ཡིན་ཞིང་། སྔོན་ཆད་ཐབ་ནང་རྒྱུན་ཆད་མེད་པར་མེ་འབུད་ནས་དྲོ་པོ་ཡོང་བའི་ཆེད་དུ། ཞོགས་པ་ནམ་མ་གསལ་གོང་ནས་ལངས་ཏེ་ལྕི་བ་སྒྲུག་པ་དང་ལྕི་བ་ལེབ་མོ་བཟོ་དགོས་པས། ལྕི་བ་དང་ཁ་འབྲལ་ཐབས་མེད་ལ་ཐབ་ཀར་མགོ་འཁོར་ནས་སྡོད་དགོས་ཀྱི་ཡོད། འོད་ཤུགས་དྲོད་འདོན་ཐུབ་རྗེས། མེ་གཏོང་མི་དགོས་ཁར་ཁོམ་པ་མང་པོ་ཡོད་པས། གྲོང་ཚོའི་ཆུ་ཚན་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་ཡོང་འབབ་གསོག་གི་ཡོད་པ་རེད།
གཡུ་རྩེ་ཆུ་ཚན་མཉམ་ལས་ཁང་གིས་གཙོ་བོ་ཆུ་ཚན་ཐོན་ལས་གཉེར་གྱི་ཡོད་ཅིང་། 2022ལོར་ཡོང་འབབ་སྒོར་ཁྲི་116བྱུང་ནས་དུད་ཚང་82ལ་ཁེ་སྤོགས་སྒོར་ཁྲི་65བགོས་པ་དང་། ཚེ་གཡང་གིས་ན་ནིང་གཡུ་རྩེ་ཆུ་ཚན་དུ་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི་3.8བྱུང་ཡོད།
འབྲོག་ཁུལ་གྱི་ནུས་རྒྱུ་མཁོ་སྤྲོད་ནི་འབྲོག་ལས་སྟོབས་ཆེན་དང་། འབྲོག་ཁུལ་མཛེས་པ། འབྲོག་པ་ཕྱུག་འགྱུར་བཅས་ཡོང་བའི་སྒུལ་ཤུགས་དང་འདེགས་སྐྱོར་གལ་ཆེན་ཞིག་རེད། འབྲོག་ཁུལ་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་འབྲོག་ཁུལ་གྱི་ནུས་རྒྱུ་གསར་བརྗེར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་ཆེད་ནུས་རྒྱུའི་སྒུལ་ཤུགས་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། ནག་ཆུས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།