དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དང་པོ་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ།

    ཧྥུའུ་ཅན་དང་། ཧོ་ནན། ཧའེ་ནན། ཀན་སུའུ། མཚོ་སྔོན་བཅས་སུ་ལྟ་བཤེར་གྱི་བཅའ་སྡོད་ལས་དོན་སྤེལ་གྱི་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-23

    ཚེས་21ཉིན་གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། 《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》གཞིར་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དང་པོ་ཕྱོགས་ཡོངས་ནས་བྱེད་འགོ་ཚུཊ་པ་རེད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་5(གཤམ་དུ་ལྟ་བཤེར་ཚོགས་ཆུང་ཞེས་བསྡུ་རྒྱུ)བཙུགས་ནས་ཁག་སོ་སོར་ཧྥུའུ་ཅན་དང་། ཧོ་ནན། ཧའེ་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་5ལ་དུས་ཡུན་ཟླ་གཅིག་ཙམ་ལྟ་བཤེར་གྱི་བཅའ་སྡོད་ལས་དོན་སྤེལ་གྱི་ཡོད་པ་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ལྟ་བཤེར་ཚོགས་ཆུང་5ཡི་འགན་འཁུར་བ་ནི། ཚོགས་ཆུང་དང་པོ། ཧྥུའུ་ཅན་ཞིང་ཆེན་ཡིན་ཞིང་། ཙུའུ་ཀྲང་ཁྲེན་རུན་ཨར་དང་ཙུའུ་ཀྲང་གཞོན་པ་ཀྲའེ་ཆིང་ཡིན་པ་དང་། ཚོགས་ཆུང་གཉིས་པ། ཧོ་ནན་ཞིང་ཆེན་ཡིན་ཞིང་། ཙུའུ་ཀྲང་ཞུས་ཏ་ཀྲེ་དང་ཙུའུ་ཀྲང་གཞོན་པ་ཀུའོ་ཧྥང་། ཚོགས་ཆུང་གསུམ་པ། ཧའེ་ནན་ཞིང་ཆེན་ཡིན་ཞིང་། ཙུའུ་ཀྲང་སུང་ཤིའུ་ཡན་དང་ཙུའུ་ཀྲང་གཞོན་པ་ཀྲང་ཞུའེ་ཆའོ། ཚོགས་ཆུང་བཞི་པ་ཀན་སུའུ་ཞིང་ཆེན་ཡིན་ཞིང་། ཙུའུ་ཀྲང་ཅང་ཀྲུའོ་ཆིང་དང་ཙུའུ་ཀྲང་གཞོན་པ་ཏུང་པའོ་ཐུང་། ཚོགས་ཆུང་ལྔ་པ་མཚོ་སྔོན་ཞིང་ཆེན་ཡིན་ཞིང་། ཙུའུ་ཀྲང་ལིའུ་ཝུའེ་དང་ཙུའུ་ཀྲང་གཞོན་པ་ཧུའུ་ཝུའེ་ལེ་བཅས་རེད།

    ལྟ་བཤེར་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། སྤྱི་ཡོངས་ལ་ཞབས་འདེགས་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དགོངས་གཞི་ནན་པོ་མཐའ་འཁྱོངས། གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་བཅས་མཐའ་འཁྱོངས་བྱས་ནས་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་འགན་འཁྲི་འཁུར་ཚུལ་ལ་གཞིགས་ནས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་བཤེར་བྱ་རྒྱུ་རེད།

    ལྟ་བཤེར་བྱེད་རིང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཚུལ། “མཐོ་གཉིས་དམའ་གཅིག”གི་རྣམ་གྲངས་རྨོངས་ཚོད་ལག་བསྟར་དང་དོར་བ་དང་རྗེས་ལུས་ཐོན་ནུས་བཀག་འགོག་མཐའ་གཅིག་ཏུ་བྱས་ཚུལ། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལག་ལེན་བསྟར་རིང་གི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན། སྐྱེ་ཁམས་གཏོར་སྐྱོན་ཚབས་ཆེན་དང་། ཁོར་ཡུག་སྦགས་བཙོག སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་དེ་བཞིན་ཐག་གཅོད་བྱས་ཚུལ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ། དེ་གོང་ལྟ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཚུལ་སོགས་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་རེད།

    བཅའ་སྡོད་བྱེད་རིང་ལྟ་བཤེར་ཚོགས་ཆུང་ཁག་གིས་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ་སོ་སོར་བཙུགས་ནས་ལྟ་བཤེར་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་འཕྲིན་ཡིག་བསྐུར་མ་དང་ཁ་པར་བརྒྱབ་ནས་ཐེར་འདོན་བྱས་རིགས་བདག་སྤྲོད་བྱ་རྒྱུ་རེད།

    དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་སྤྱི་འདོམས་བྱ་ཆེད། ཉེ་ཆར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གོང་གསལ་གྱི་ལྟ་བཤེར་བྱ་ཡུལ་ལ་ཆེད་དུ་ཡི་གེ་བསྐུར་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་བཅས་ཀྱི་སྒོ་ནས་ལྟ་སྐུལ་བྱེད་ཀྱིན་དག་ཐེར་ལ་སྐུལ་འདེད་གཏོང་བ་དང“གཅིག་དཔེ་བརྒྱ་འགེབས”དང“འགན་འཁྲི་གང་བྱུང་འདྲི་བ”གཏན་འགོག་བྱེད་པ་མ་ཟད། ལྟ་བཤེར་བཀོད་སྒྲིག་སྟབས་བདེ་རུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    གསར་འགོད་པས་ད་དུང་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གསུམ་པ་ཧའེ་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་འགོ་ཚུགས་པ་རེད། ཟླ་11ཚེས་21ཉིན་ལྟ་བཤེར་བཅའ་སྡོད་སྐུལ་སློང་ཚོགས་འདུ་ཧའེ་ཁའུ་རུ་འཚོགས་ཤིང་། ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ལྟ་བཤེར་བཅའ་སྡོད་ཀྱི་དུས་ཡུན་ཟླ་བ་གཅིག་ཡིན་པ་རེད། བཅའ་སྡོད་བྱེད་རིང(2023ལོའི་ཟླ་11ཚེས་21ཉིན་ནས་ཟླ་12ཚེས་21ཉིན་བར)ཆེད་མངགས་ལས་རེས་ཁ་པར་བཙུགས་པ་སྟེ། ཁ་པར་ཨང་གྲངས་0898-65252051ཡིན་པ་དང་། སྦྲག་སྲིད་ཡིག་སྒམ་ཆེད་མངགས་བཙུགས་ཏེ། ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་གྱི་A145སྦྲག་སྲིད་ཡིག་སྒམ་ཡིན་པ་རེད། ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་ཁ་པར་བདག་སྤྲོད་ཀྱི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་8:00ནས་20:00བར་ཡིན་པ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་བཤེར་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་གཙོ་བོ་ཧའེ་ནན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་འཕྲིན་ཡིག་བསྐུར་མ་དང་ཁ་པར་བརྒྱབ་ནས་ཐེར་འདོན་བྱས་པ་བདག་སྤྲོད་བྱ་རྒྱུ་དང་དེ་མིན་བདག་སྤྲོད་བྱེད་ཁོངས་སུ་ཚུད་མེད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གནད་དོན་གཏན་འབེབས་ལྟར་ལྟ་བཤེར་བྱ་ཡུལ་ས་གནས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།