ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐུན་མོང་འཕེལ་རྒྱས་ལ་བརྟེན་ནས་ཡུན་རིང་ཞི་བདེར་སྐུལ་འདེད་གཏོང་བའི་གྲོས་བསྡུར་བྱེད་པར་སྐུལ་མ་བཏང་བ།
འདི་ནི་ཟླ་11ཚེས་20ཉིན་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི“ཐུན་མོང་འཕེལ་རྒྱས་བཏང་ནས་ཡུན་རིང་ཞི་བདེར་སྐུལ་འདེད་གཏོང་བའི”ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རེས་སྐོར་ཀྲུའུ་ཞི་ཡིན་པའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་20ཉིན“ཐུན་མོང་འཕེལ་རྒྱས་བཏང་ནས་ཡུན་རིང་ཞི་བདེར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱེད་པའི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོག་པའི་གྲོས་འགོ་བཏོན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཕུའུ། ཨ་རིའི་ཁོ་ལོམ་པི་ཡ་སློབ་ཆེན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ས་ཁེ་སི་བཅས་ཚོགས་འདུར་ཞུགས་ནས་བརྡ་ཁྱབ་བཏང་བ་དང་། རྒྱལ་ཁབ་70ལྷག་ཙམ་དང་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད། ཕྱོགས་ཁག་གིས་རྒྱལ་སྤྱིའི་ཞི་བདེ་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས། ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ་ཡུན་རིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་བསམ་ཕྱོགས་དང་ཇུས་གཞི་བཏོན་པ་རེད།
ཀྲང་ཅུན་གྱིས། འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་མངོན་འགྱུར་དང་། ཞིང་ལས་དང་། བཟོ་ལས། སྨན་བཅོས་འཕྲོད་བསྟེན། སློབ་གསོ་བཅས་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་འགན་སྲུང་དང་དབུལ་ཕོངས་སེལ་བ་བཅས་བྱས་ཚེ། གཞི་ནས་ཐལ་སྐྱོད་རིང་ལུགས་དང་གདོང་ཐུག་གཏུམ་སྤྱོད་ཀྱི་ས་རྒྱུ་མེད་པར་བཟོ་ཐུབ། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཚོགས་སྤྱི་ཁག་དང་རིམ་གྲས་ཁག་གི་འདྲ་མཉམ་འཕེལ་རྒྱས་ཀྱི་དབང་ཆར་འགན་ལེན་བྱས་ཏེ་མི་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།
ཀྲང་ཅུན་གྱིས། ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱེད་པ་ནི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། རྒྱལ་ཁབ་ཁག་གི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ཚེ། གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་ཀྱི་འཇིགས་སྐུལ་རྩ་བའི་ཐོག་ནས་སེལ་ཐུབ། རྒྱལ་ཁབ་ཁ་ཤས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་རང་སྣང་གང་ཤར་ངང་ཐེ་གཏོགས་བྱེད་པ་དང་ཐ་ན་བཅོས་སྐྱོང་བྱེད་སྟངས་བཙན་འགེལ་བྱས་པས། ས་ཁུལ་ཁ་ཤས་ལ་ཟིང་ཆ་རྒྱུན་ཆད་མེད་པར་ཐོན་གྱི་ཡོད། རྒྱལ་ཁབ་ཁག་གི་རང་བརྟེན་འཕེལ་རྒྱས་ལམ་བུ་གདམ་ག་བྱེད་དབང་ལ་བརྩི་འཇོག་གང་ལེགས་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད། ས་ཁོངས་དང་ས་ཁོངས་ཕལ་པའི་དཔལ་འབྱོར་གཞི་གཅིག་ཅན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་རྒྱལ་ཁབ་ཁག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་ཚང་མར་དྲང་གཞག་ངང་ཕན་པ་ཐོབ་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཀུ་ཐེ་ལེ་སིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་འབྲེལ་བར་མཐོང་ཆེན་བྱས་ནས། གདོང་ཐུག་སྔོན་འགོག་དང་། ཞི་བདེ་གཏོད་པ་དང་། ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ཁྲོད་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད། ས་ཁེ་སིས། ཆབ་སྲིད་དང་དཔལ་འབྱོར་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་གདོང་ཐུག་གི་འབྱུང་རྩ་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་པ་རེད། ཁོངས་མིའི་རྒྱལ་ཁབ་མང་པོ་ཞིག་གིས་འཕེལ་རྒྱས་ཀྱི་མཚལ་ཡིག་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱེད་པར་སྐུལ་མ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་དང་། ལག་རྩལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་བརྡ་ལན་ཧུར་ཐག་སློག་རྒྱུའི་འབོད་སྐུལ་བྱས་པ་དེས་རྒྱལ་ཁབ་ཁག་ལ་ཀུན་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།