ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཆུ་མཁོ་འདོན་རྣམ་གྲངས་ལས་སེ་ནེ་ཀལ་གྱི་དམངས་ཚོགས་ལ་བློ་བདེའི་ཆུ་སྤྱོད་རྒྱུ་བྱུང་བ།
འདི་ནི་ཟླ་11ཚེས་1ཉིན། ཀྲུང་གོའི་ལག་རྩལ་ཆེ་མོ་བ་དང་ཡུལ་དེ་གའི་ལས་མིས་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་གྱི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་ཀ་བྱེད་བཞིན་པ།
སེ་ནེ་ཀལ་ནི་ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་གནས་པ་དང་གནམ་གཤིས་ཚ་བ་ཆེ་བས་རྒྱལ་ས་ཏ་ཁར་ལ་རྒྱུན་དུ་ཆུ་དཀོན་པའི་དཀའ་ངལ་འཕྲད་ཀྱི་ཡོད། དེའི་ཁར་ཏ་ཁར་གྲོང་ཁྱེར་གྱི་ཆུ་མཁོ་འདོན་གྱི་མདོང་ལམ་དྲ་བ་རྙིང་པ་ཆགས་ཏེ་བཙའ་བརྒྱབ་པ་དང་གས་ནས་ཆུ་བར་མེད་འཛག་པར་བརྟེན་ཆུ་འབོར་ཆེན་འཕྲོ་བརླག་འགྲོ་གི་ཡོད།
དཀའ་གནད་དེ་དག་ཐག་གཅོད་བྱ་ཆེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་གྲུ་ཁ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་སེ་ནེ་ཀལ་གྱི་ཏ་ཁར་གྱི་ཆུ་མཁོ་འདོན་ལས་གྲྭའི་རྣམ་གྲངས་དེ་2021ལོའི་ཟླ་9པར་དངོས་སུ་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་དེ་ནི་གཙོ་བོ་ཏ་ཁར་གྲོང་ཁུལ་གྱི་ཆུ་མཁོ་འདོན་མདོང་ལམ་སྒྱུར་བཀོད་བྱ་རྒྱུ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཆུ་འཕྲོ་བརླག་འགྲོ་ཚད་ཉུང་དུ་ནུས་ལྡན་གཏོང་བ་དང་ཆུ་བེད་སྤྱོད་ཐུབ་ཚད་མང་དུ་བཏང་ནས་ས་གནས་དེ་གའི་གྲོང་མིར་ཆུ་སྤྱོད་འགན་ལེན་བརྟན་པོ་ཡོང་ཆེད་རེད།
རྣམ་གྲངས་ཀྱི་ཅིང་ལི་རེན་ཁྲོན་ཁོའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ཏ་ཁར་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོར་ཁྱབ་ཅིང་། རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་དེ་བཞིན་རྣམ་གྲངས་ཀྱི་ལེ་ལག་ཚང་བའི་མཚོ་ཆུ་ཚྭ་མེད་ཆུ་བཟོ་གྲྭའི་ཆུ་མཁོ་འདོན་བྱེད་ཚད་མང་དུ་སོང་བ་དང་བསྟུན་ནས། ཏ་ཁར་གྲོང་ཁྱེར་གྱི་ཉིན་རེའི་ཆ་སྙོམས་ཆུ་མཁོ་འདོན་བྱེད་ཚད་ད་ཆ་ལྡབ་འཕར་བྱུང་སྟེ་གྲོང་མིས་ཆུ་བརྟན་པོ་སྤྱོད་ཐུབ་པར་བྱས་ཡོད་པ་རེད།
ཏ་ཁར་གྱི་གྲོང་མི་ཤིས་སའེ་ཡིས“དེ་སྔོན་ང་ཚོའི་འདི་གར་ཆུ་ཡང་ཡང་ཆད་པ་མ་ཟད་མདོང་ལམ་རྙིང་པ་ཡིན་པ་དང་ཆུ་གཙང་མ་མེད་སྟབས་རྟག་ཏུ་ཆུ་ཉོ་དགོས་ཀྱི་ཡོད་པས་འཚོ་བར་ཧ་ཅང་སྟབས་བདེ་མི་འདུག ད་ཆ་ཆུ་ཤུགས་དེ་སྔོན་ལས་ཆེ་བ་དང་ཆུ་བརྟན་ལ་གཙང་མ་ཡོད”ཅེས་བཤད་པ་རེད།
རྣམ་གྲངས་དེས་ད་དུང་ཡུལ་དེ་གའི་ལས་མི་500ཙམ་བསྡུས་ནས་ལས་ཞུགས་ཀྱི་གོ་སྐབས་སྦྱིན་ཡོད། རེན་ཁྲོན་ཁོའོ་ཡིས། ཨར་ལས་རུ་ཁག་ཚང་མའི་ནང་ཀྲུང་གོའི་ལས་མི་དང་སེ་ནེ་ཀལ་གྱི་ལས་མི་ཡོད་པས་ལས་གྲྭའི་མྱུར་ཚད་མགྱོགས་སུ་ཕྱིན་པ་མ་ཟད། ད་དུང་སེ་ནེ་ཀལ་ལ་ལག་རྩལ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།