ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
ཡུལ་མཛེས་དམངས་ཕྱུག་ཐོན་ལས་དར། འཆམ་མཐུན་གྲོང་གསེབ་ཀུན་གྱིས་བསྔགས།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས“མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་ལ་དམ་འཛིན། དར་རྒྱས་ལ་སྐུལ་འདེད”བཅས་ཀྱི་བླང་བྱར་དམིགས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་མཛེས་སྡུག་ལྡན་པའི་གྲོང་ཚོར་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བ་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་བ། བདེ་སྐྱིད་ལྡན་པའི་རྣམ་པ་རེ་རེ་དང་ཁྱད་ལྡན་ཐོན་ལས་རེ་རེ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་གྲུབ་ཡོད།
སྲ་བརྟན་དང་རིམ་སྤོར་རྣམ་གྲངས་ལག་ལེན་བསྟར་ཏེ།
“འཆམ་མཐུན་གྲོང་གསེབ”ནུས་ཤུགས་ཡོད་རྒུས་བཏོད་པ།
འདི་ལོ་ལོ་58ལ་སླེབས་པའི་པད་མ་རྡོ་རྗེ་ནི་ཆུ་གསུམ་གྲོང་རྡལ་ཆུ་གསུམ་གྲོང་ཚོའི་དགའ་པ་ཐང་རང་བྱུང་ཚོགས་ཆུང་གི་གྲོང་མི་ཡིན་ཞིང་། གསར་འགོད་པས་ཉེ་བའི་ལོ་ཤས་ནང་གི་གྲོང་ཚོའི་འགྱུར་ལྡོག་སྐོར་སྐད་ཆ་འདྲི་སྐབས་ཁོང་གིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལག་ལེན་བསྟར་བའི་གྲོང་གསེབ་དར་རྒྱས་སྲ་བརྟན་དང་རིམ་སྤོར་གྱི་རྣམ་གྲངས་ལ་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
“དེ་སྔ་རླུང་བུ་ལྡང་རིམ་བཞིན་གྲོང་ཚོའི་ནང་གི་ལམ་ངོས་སུ་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབས་རིམ་བཞིན་ལམ་ངོས་སུ་ཆུ་འཁྱིལ་བ་དང་འདམ་རྫབ་ཆགས་ཏེ་འདྲེད་བརྡར་ཤོར་ནས་སྐྱོད་བདེ་པོ་མེད”ཅེས་པད་མ་རྡོ་རྗེས་ཕྱིར་དྲན་བྱེད་བཞིན་བརྗོད་བྱུང་།
ཆུ་གསུམ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་བཟང་གིས་དགའ་པ་ཐང་གི་གྲོང་གསེབ་དར་རྒྱས་སྲ་བརྟན་རིམ་སྤོར་གྱི་རྣམ་གྲངས་ནི་རྫོང་དེའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་2000བཏང་ནས་གཙོ་བོ་དགའ་པ་ཐང་གི་འགྲོ་ལམ་དང་། བཙོག་ཆུ་གཤོང་བ། ལམ་སྒྲོན། གསང་སྤྱོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་སྒྱུར་བཀོད་དང་རིམ་པ་སྤར་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་གཉིས་སུ་མེད། རྣམ་གྲངས་ལག་བསྟར་བྱས་རྗེས་ས་གནས་དེ་གའི་ལས་མི་ཐེངས་ཁྲི་1.1གླས་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་240ལྷག་ཙམ་བྱུང་ཡོད། དུད་ཚང་87ལ་གཙང་སྦྲ་དོད་པའི་གསང་སྤྱོད་བརྒྱབ་པ་དང་། འཐུང་ཆུའི་སྦུག་ལམ་དང་བཙོག་ཆུ་གཤོང་བའི་སྦུག་ལམ་དུད་ཚང་ལ་ཁྲིད་པ་དང་བསྟུན་ནས་དྭངས་ཤིང་གཙང་བའི་འཐུང་ཆུ་དང་། ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ། གཅིག་གྱུར་གྱི་གཙང་སྦྲ་དོད་པའི་གསང་སྤྱོད་བཅས་རེ་རེ་བཞིན་ང་ཚོའི་མིག་ལམ་དུ་འཆར། དགའ་པ་ཐང་རང་བྱུང་ཚོགས་ཆུང་གི་ཞིང་པ་ཚོས་རང་ཁྱིམ་གྱི་སྒོ་རར་སྐྱིད་སྣང་དོད་པོས་འཚོ་བ་སྐྱེལ་བཞིན་ཡོད། “ད་ཆ་འཚོ་བ་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག” ཅེས་པད་མ་རྡོ་རྗེས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་།
རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ། མིག་སྔའི་བར་ཆུ་གསུམ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་མ་དངུལ་རྣམ་གྲངས་37ལ་སྐུལ་འདེད་བཏང་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.8བཏང་ཡོད། དངུལ་དེ་ཚོ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་ཚོའི་ལམ་འཛུགས་སྐྲུན། འཚོ་བའི་བཙོག་ཆུ་དང་གད་སྙིགས་བཅོས་སྒྲིག གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་སོགས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཁོངས་ལ་གཅིག་སྡུད་བཏང་བས་སྤྱི་ཡོངས་ནས་མ་དངུལ་གཏོང་ཚད་80.66%ཟིན་ཡོད།
“གསར་བརྗེའི་དཔུང་ཁག”གསུམ་གྱིས།
གྲོང་གསེབ་དར་རྒྱས་གཏོང་བའི་དུང་བརྡ་གཅིག་སྡུད་བཏང་བ།
ཆུ་གསུམ་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་ཤག་ལྷོ་གྲོང་ཚོར་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“གསར་བརྗེའི་དཔུང་ཁག”གསུམ་ཡོད།
“ཤག་ལྷོ་གྲོང་ཚོའི་གྲོང་མི་གླུ་ལེན་གར་འཁྲབ་ལ་མཁས་པོ་ཡོད། ང་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་མི་བྱེད་པ་ཅི་ཡིན”ཞེས་ཤག་ལྷོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་བསྟན་འཛིན་གྱིས་བརྗོད། 2017ལོའི་ཟླ་6པར“གསར་བརྗེའི་དཔུང་ཁག”གསུམ་བཙུགས་པ་སྟེ། “གསར་བརྗེའི་གླུ་དབྱངས”རུ་ཁག་དང་། “གསར་བརྗེའི་གཏམ་རྒྱུད”རུ་ཁག “གསར་བརྗེའི་འབྲས་དཀར”རུ་ཁག་བཅས་རེད།
ཡུལ་མི་སྐལ་བཟང་ཟླ་བ་ནི“དགུ་བཅུའི་ནང་སྐྱེས”ཤིག་ཡིན་པ་དང་ལོ་ཁ་ཤས་གླ་པར་བསྐྱོད་རྗེས་ཕ་ཡུལ་དུ་ལོག་ནས“གསར་བརྗེའི་འབྲས་དཀར”རུ་ཁག་གི་ཁོངས་མིར་གྱུར། “ང་ཆུང་དུས་ནས་གླུ་ལེན་གར་འཁྲབ་ལ་དགའ་པོ་ཡོད། ཕ་ཡུལ་དུ་ལོག་རྗེས་འབྲས་དཀར་འཁྲབ་སྟོན་རུ་ཁག་གཅིག་བཙུགས་ཡོད་པ་གོ་ཐོས་བྱུང་བས་དེར་ཞུགས་པ་ཡིན། ད་ཆ་ཉིན་རེར་འཁྲབ་སྟོན་བྱས་པར་ཁ་གསབ་སྒོར་120སྤྲོད་ཀྱི་འདུག འཁྲབ་སྟོན་མང་བའི་དུས་སུ་ལོ་རེར་འཁྲབ་སྟོན་གྱི་ཁ་གསབ་སྒོར་9000ལྷག་ཙམ་རག་གི་འདུག”ཅེས་སྐལ་བཟང་ཟླ་བས་བརྗོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་འདེགས་རུ་ཁག་གི་ངོས་ནས། “གསར་བརྗེའི་དཔུང་ཁག”གསུམ་གཞི་རིམ་དུ་བསྐྱོད་དེ་རྟག་ཏུ་དང་བླངས་འཁྲབ་སྟོན་བྱེད་ཀྱི་ཡོད་ལ། རུ་མི་ཚོས་ཀྱང་དང་བླངས་ཞབས་འདེགས་བྱེད་སྒོར་ཞུགས་འདོད་ཆེན་པོ་བྱེད་ཀྱི་ཡོད། འདི་ལོར“གསར་བརྗེའི་འབྲས་དཀར”རུ་ཁག་ལ་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ཕུལ་བྱུང་ཚོགས་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ལོ་སོ་བཞི་ཉིན་གཅིག་ལྟར།
ཤག་བྱང་གི་ཏིག་ཧྲུག་མི་རབས་མང་པོའི་ངག་ནས་དར།
ཤག་བྱང་གི་ཏིག་ཧྲུག་ནི་2020ལོར་ལྷོ་ཁ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་དང་། འདི་ལོ་ལོ་53ལ་སླེབས་པའི་བསོད་ནམས་ཕུན་ཚོགས་ནི་རྣམ་གྲངས་དེའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད།
1989ལོར་བསོད་ནམས་ཕུན་ཚོགས་ཀྱི་ཕ་མ་གཉིས་ཀྱིས་ཤག་བྱང་གྲོང་ཚོར་ཏིག་ཧྲུག་ཟ་ཁང་དང་པོ་དེ་བཙུགས་ནས་ས་ཕྱོགས་ཁག་གི་ཚོང་འགྲུལ་མང་པོར་སྣེ་ལེན་ཞུས། 2008ལོར་བསོད་ནམས་ཕུན་ཚོགས་ཨ་མ་མཚོ་མོའི་རྗེས་སུ་འབྲངས་ནས་ཤག་བྱང་ཏིག་ཧྲུག་བཟོ་སྟངས་དངོས་སུ་སྦྱངས། ཕྱིས་སུ་ཏིག་ཧྲུག་ཟ་ཁང་ཐབས་ཆག་དེ་སྒོ་ར་ཡོད་པའི་ཟ་ཁང་ཞིག་ཏུ་གྱུར་པ་མ་ཟད། ཚོང་ཡང་ཧ་ཅང་རྒྱུག་པོ་བྱུང་ཡོད། ཟ་ཁང་དེའི་ཏིག་ཧྲུག་ཁོ་ན་ལས་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་1300ཡོང་བ་དང་ཉིན་རེར་ཏིག་ཧྲུག་ཕོར་པ་40བྲིན་གྱི་ཡོད། “འདི་ལོ་རྩེད་ཐང་ཆུས་ཀྱི་ཡན་ལག་ཟ་ཁང་ལས་གཉེར་བྱེད་འགོ་ཚུགས་པ་དང་སྣང་རྫོང་གི་ཡན་ལག་ཟ་ཁང་གྲ་སྒྲིག་བྱེད་བཞིན་ཡོད”མངོན་མིན་རིག་གནས་ཤུལ་བཞག་གི་ལྗགས་སྨིན་རྒྱུན་འཛིན་ཐུབ་ཡོད།
འདི་ལོའི་ཟླ་6པར་ཆུ་གསུམ་རྫོང་གིས་ཤག་བྱང་ཤང་ཏིག་ཧྲུག་རིག་གནས་དུས་ཆེན་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་དེ་ལས་ཤག་བྱང་ཤང་གི་མངོན་མིན་རིག་གནས་ཤུལ་བཞག་ཤག་བྱང་ཏིག་ཧྲུག་ལ་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ཁར། མི་དེ་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་གི་ལྗགས་སྨིན་ཤེས་རྟོགས་ཐུབ་པ་དང་ཤག་བྱང་ཏིག་ཧྲུག་གི་མིང་གྲགས་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། གོམ་སྟབས་རྗེས་མར་ཤག་བྱང་ཤང་གིས་ཤག་བྱང་ཏིག་ཧྲུག་སྤུས་རྟགས་ལ་གཏོད་པའི་བྱེད་སྒོ་ཟམ་མི་ཆད་པར་འཐུས་ཚང་དང་ཚད་ལྡན་དུ་བཏང་ནས། རིག་གནས་ཤུལ་བཞག་དེར་ཤག་བྱང་ནས་བཀྲག་མདངས་འཚེར་དུ་འཇུག་གི་ཡོད་པ་རེད།
འཚོ་བ་སྐྱིད་པོ་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད། གྲོང་གསེབ་དར་རྒྱས་གཏོང་བའི་ཕུགས་འདུན་བཟང་པོ་དཀའ་སྤྱད་འབད་འབུངས་བྱས་ཚེ་གཞི་ནས་མངོན་འགྱུར་བྱེད་ཐུབ། དེར་བརྟེན་ཆུ་གསུམ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་2024ལོའི་ལས་དོན་ལ་འཆར་འགོད་ཧུར་ཐག་བྱས་ཤིང་། ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྦྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.9ད་ཆ་འདུན་ཞུ་ཐུབ་པ་དང་འབྲེལ་གྲོང་ཁྱེར་རིམ་པའི་ཞིབ་དཔྱད་ལོན་ནས་རྣམ་གྲངས་17གྱི་ལག་བསྟར་ལ་སྤྱོད་རྩིས་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་། སྤྱི་པའི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ་བཅས་གཙོ་གནད་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། ད་ཆ་རེ་བས་ཁེངས་པའི་ཡུལ་དེར་ཁྱད་ལྡན་ཐོན་ལས་དར་བ་དང་། གྲོང་གསེབ་ཀྱི་ཡུལ་ལྗོངས་མཛེས་པ། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ། མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཀྱི་ཁྱད་ཆོས་མང་པོ་གཅིག་ཏུ་འདུས་ཡོད།