བོད་ལྗོངས་ཀྱིས“གཉིས་འགུགས་གཉིས་འདྲེན”གྱི་རྣམ་གྲངས་ཁག་20ལ་གན་རྒྱ་བཞག་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་སར“གཉིས་འགུགས་གཉིས་འདྲེན”(བོད་སྐྱོར་ཚོང་འགུགས་མ་འདྲེན་དང་། ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས)གྱི་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་ནས། བོད་སྐྱོར་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་20ལ་གན་རྒྱ་བཞག་པ་དང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་103.08ཟིན་ཡོད། དེའི་ནང་ནུས་རྒྱུ་གཙང་མ་དང་། སྐྱེ་དངོས་ཚན་རྩལ། ཁྱད་ལྡན་ཞིང་འབྲོག ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད།
འདི་ལོ་ཚུན། བོད་ཀྱིས་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་གནད་སྨིན་ངང་བཏོན་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བཏོད་དེ་ཕུལ་བྱུང་ཤེས་ལྡན་པའི་ཡིད་དབང་བཀུག་ཡོད། ཟླ་9པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་ཞིང་ཆེན་ཁག་གི་བོད་སྐྱོར་ལས་དོན་རུ་ཁག་གིས་འགུགས་འདྲེན་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་179.13ཟིན་ནས་ལོ་འཁོར་གྱི་སྒོར་དུང་ཕྱུར་100ཡི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། དེ་དང་ཆབས་ཅིག་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱ་ཐབས་གསར་གཏོད་བྱས་ནས་རང་འགུལ་ངང་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་སྔ་རྗེས་སུ་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཁྲེང་ཏུའུ། ཁྲུང་ཆིང་བཅས་སུ་2023ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་གི་སྲིད་ཇུས་འོས་སྦྱོར་བྱེད་སྒོ་སྤེལ་ནས། བོད་ཀྱི་ཤེས་ལྡན་པའི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་བོད་དུ་ལས་ཀ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། མིག་སྔར་ཤེས་ལྡན་པ་སྣ་ཚོགས་200ལྷག་ཙམ་གདན་དྲངས་ཡོད་པ་རེད།