རང་རྒྱལ་གྱི་ལོ་རྒྱུས་རིང་པོ་ནི་མི་རིགས་ཁག་གིས་མཉམ་དུ་བརྩམས་པ་ཞིག་རེད།
ཀྲུང་ཧྭ་མི་རིགས་ལ་ལོ་བརྒྱ་ཕྲག་གི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ངོ་ཁྲི་ཕྲག་གི་རིག་གནས་ཀྱི་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་བཅས་ལྡན་ཡོད། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་མཉམ་འདྲེས་གཅིག་སྒྲིལ་གྱིསྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤིག་ཡིན་ཞིང་། མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་དང་། འཕེལ་རྒྱས། སྲ་བརྟན་གཅིག་གྱུར་བཅས་བྱས་པའི་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཤིག་རེད།
ལོ་ངོ་སྟོང་ཕྲག་ཁ་ཤས་རིང་། ཀྲུང་ཧྭ་མི་རིགས་ལ་ཐོག་མཐའ་བར་གསུམ་དུ“ཀུན་དང་མཐུན་པའི་སྲོལ་བཟང་། ཀྲུང་གོ་ཡོངས་ཀྱིས་མཉམ་བཀུར”དང“གནམ་འོག་སྤྱི་སྙོམས་ཆེན་པོའི”འདུ་ཤེས་ཡོད་པས“གཅིག་གྱུར་ཆེན་པོ”དེ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུ་ཤེས་དང་འབད་བརྩོན་ལྷོད་མེད་བྱ་གཞིར་གྱུར་ཡོད། ཆིན་རྒྱལ་རབས་གོང་གི་དུས་སྐབས་ནས་བཟུང་རང་རྒྱལ་དུ་མེས་པོ་ཡན་ཧོང་རྒྱུད་པ་ལྟེ་བར་བྱས་པའི་གོང་བུ་གཅིག་ཏུ་འགྲིལ་བ་དང“ཕྱོགས་ལྔའི་མི་དམངས”ལ་བརྟེན་ནས་གནམ་འོག་གཅིག་ཏུ་སྒྲིལ་བའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད། ཆིན་རྒྱལ་རབས་ཀྱི“སྐད་དང་ཡི་གེ་གཅིག་གྱུར་དང་། འཁོར་ལམ་གཅིག་མཚུངས། ཚད་འཇལ་ཆས་གཅིག་གྱུར། ཡུལ་སྲོལ་གོམས་གཤིས་གཅིག་གྱུར”བཅས་ལས་ཀྲུང་གོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འགོ་བརྩམས་ཡོད། དེའི་རྗེས་མི་རིགས་གང་ཞིག་ཀྲུང་ཡོན་ས་ཁུལ་དང་མཉམ་འདྲེས་བྱུང་ཚེ་ཚང་མས་གནམ་འོག་གཅིག་གྱུར་བྱ་རྒྱུ་རང་ཉིད་ཀྱི་ལས་འགན་དུ་བརྩི་བ་དང་ཚང་མས་ཀྲུང་ཧྭའི་རིག་གནས་ཀྱི་རྩ་རྒྱུད་རྒྱུན་འཛིན་བྱས་ཡོད། བརྗིད་ཉམས་ལྡན་པའི་ཆིན་ཧན་རྒྱལ་རབས་གཉིས་དང་། མངའ་ཐང་རྒྱས་པའི་ཐང་རྒྱལ་རབས། དཔའ་མཛངས་ལྡན་པའི་ཁང་ཤིས་དང་ཆན་ལུང་དུས་སྐབས་བཅས་ཚང་མ་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པའི་ལོ་རྒྱུས་རེད། ཀྲུང་ཧྭའི་མི་རིགས་ཀྱི་ཁྲག་རྒྱུན་དང་འདྲེས་པའི་ཐུན་མོང་གི་སྤྱི་ཚོགས་ཀྱི་ཕུགས་བསམ་དང་ཆབ་སྲིད་ཀྱི་རིན་ཐང་དུ་གྱུར་པའི“གཅིག་གྱུར་ཆེན་པོ”ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་གྱི་ལོ་རྒྱུས་གཅིག་རྒྱུན་གཅིག་འཛིན་དང་། རྒྱུན་ཆད་རྒྱུ་མེད་པ། མི་རབས་ནས་མི་རབས་བར་ཉམས་པ་མེད་པ་བཅས་ཀྱི་གསང་བ་ཞིག་རེད།
རང་རྒྱལ་གྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ལོ་རྒྱུས་ནི་ཀྲུང་གོའི་ལོ་རྒྱུས་ཧྲིལ་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་ཁག་གིས་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། བོད་ཀྱི་ལོ་རྒྱུས་ཀྱང་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཤིག་རེད། ཆབ་མདོའི་ཁ་རུབ་གནའ་ཤུལ་དང་། ལྷ་སའི་ཆོས་གོང་གནའ་ཤུལ། མངའ་རིས་སྒར་རྫོང་གི་གུར་གྱམ་གནའ་ཤུལ་སོགས་ལས་མི་རིགས་ཁག་དབར་གྱི་སྤེལ་རེས་མཚོན་ཡོད། ཐང་རྒྱལ་རབས་དུས་ཀྱི“རྒྱལ་ཁབ་གཅིག”དང་ཡོན་རྒྱལ་རབས་ཀྱི་ལང་ཇུའི་མཇལ་འདུམ་ནས་ཆིང་རྒྱལ་རབས་དུས་ཀྱི་ཐུན་མོང་ཐོག་དབྱིན་འགོག་སོགས་བར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་འཕུར་མཆོང་རླབས་པོ་ཆེ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།
ལོ་རྒྱུས་གསར་པ་གཏོད་པ་ནི་ལོ་རྒྱུས་རྒྱུན་འཛིན་ཡག་ཤོས་བྱེད་པ་ཞིག་ཡིན་ཞིང་། ད་ཆ་ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་བརྟན་པོ་བཙུགས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་དང་མོས་སེམས་གཅིག་མཐུན་ཡོང་བར་སྔར་བས་ཤུགས་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་ཤུགས་རྒྱག་པ། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་དུ་རང་འགུལ་ངང་མཉམ་འདྲེས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བོད་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་དགོས།