དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་ལག་ལེན་བསྟར་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚོད་ལྟའི་ཞིང་ཁ་ལྟ་བུ་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧུང་ཐའོ།   |     སྤེལ་དུས།  2023-11-21

    ཀྲུང་གོ་གུང་ཁྲན་ཏང་གི་བོད་སྐྱོང་མཛད་ཇུས་རིམ་བཞིན་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་པ་ནི་བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སྐྱོད་པའི་རྩ་བའི་ཕྱོགས་སྟོན་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་ནས་བཟུང་། ཀྲུང་དབྱང་གིས་བོད་དུ་རྒྱུན་སྲོལ་ལས་བརྒལ་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ཏེ། བོད་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཤིང་། ལག་ལེན་གྱི་ཁྲོད་དུ་ཉམས་མྱོང་ཕྱོགས་སྡོམ་དང་འཐུས་སྒོ་ཚང་དུ་བཏང་རྗེས་རྒྱལ་ཡོངས་སུ་ཁྱབ་གདལ་དང་ལག་ལེན་བསྟར་ཡོད། དོན་སྙིང་དེའི་ཐོག་ནས་བརྗོད་ན། བོད་ཀྱིས་འཚོལ་ཞིབ་བྱས་པ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བའི“ཚོད་ལྟའི་ཞིང་ཁ”ལྟ་བུར་གྱུར་ཡོད།

    ལོ་40ལྷག་ཙམ་རིང་། བོད་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་རྒྱལ་ཡོངས་སུ་རིམ་བཞིན་ཁྱབ་གདལ་བཏང་བའི་སྲིད་ཇུས་དང་བྱ་ཐབས་ཀྱི་གྲས་སུ་ཚུད་པ་སྟེ།

    ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོར། 1980ལོ་ནས་བཟུང་། བོད་ཀྱི་ཁྱབ་ཁོངས་ནང་ཞིང་འབྲོག་ལས་ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། བོད་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རྒྱལ་ཡོངས་སུ་ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བའི་ཞིང་ཆེན་རིམ་པའི་ས་གནས་དང་པོ་དེ་རེད། སྲིད་ཇུས་དེ་ལག་ལེན་བསྟར་བ་ལས་བོད་ཀྱིས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། 1984ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པར“ས་ཞིང་དུད་ཚང་ལ་དབང་བ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”དང་། “ཕྱུགས་རིགས་དུད་ཚང་ལ་དབང་བ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”སོགས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་སྔར་ལས་ལྷག་པར་བཟོས་ཡོད། 2005ལོའི་ཟླ་12པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག 2006ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དཔྱ་ཁྲལ་སྲོལ་ཡིག》མེད་པར་བཟོ་རྒྱུ་གྲོས་འཆམ་བྱས་ནས་ཐག་བཅད་ཡོད། དེ་ནས་བཟུང་རང་རྒྱལ་དུ་ལོ་ངོ་2000ལྷག་ཙམ་རྒྱུན་བསྲིངས་པའི་ཞིང་ལས་དཔྱ་ཁྲལ་འཇལ་མཇུག་རྦད་དེ་འགྲིལ་ནས། ཞིང་པའི་ཁུར་པོ་ལྕི་བའི་གནས་ཚུལ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བ་དེས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་མཐུན་རྐྱེན་བསྐྲུན་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་དེའི་ཁྲོད་དུ་བོད་ཀྱིས་ཚོད་ལྟ་གལ་ཆེན་བྱས་པར་སྣང་ཆུང་བྱེད་མི་རུང་བའི་དོན་སྙིང་ལྡན་ཡོད།

    སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལག་ལེན་བསྟར་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པར། 1985ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་ཟས་གོས་སྡོད་གསུམ་འགན་ལེན་བྱས་ཏེ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་ཡོད། དེ་རྗེས་ཁ་གསབ་ཚད་གཞི་བསྟུད་མར་ཐེངས་ཁ་ཤས་མཐོ་རུ་བཏང་ཞིང་། མིག་སྔར་ལོ་རེའི་མི་རེའི་ཆ་སྙོམས་ཚད་གཞི་སྒོར་4200ཟིན་གྱི་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བ་ལས་ཞིང་འབྲོག་པའི་ཁྱིམ་ཚང་གི་བུ་ཕྲུག་སློབ་གྲྭར་གཏོང་བའི་ཐད་ཀྱི་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་སོང་ལ། ཕྲུ་གུ་སློབ་གྲྭར་གཏོང་བའི་སེམས་ཤུགས་ཀྱང་ཆེ་རུ་སོང་ཡོད། 2012ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སུ་བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་བཅས་ནས་མཐོ་རིམ་སློབ་འབྲིང་དང་ལས་རིགས་སློབ་གསོའི་བར་གྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་གྱི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ད་ཆ། རིགས་ཁག་གི་རོགས་དངུལ་སྤྲོད་པའི་སྲིད་ཇུས་དང་རྣམ་གྲངས་ཁག་40ཟིན་པ་དང་། བོད་ཀྱི་ཞིང་འབྲོག་ཁུལ་གྱི་དགོས་མཁོ་དང་མཐུན་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གསོ་སྤེལ་སྟངས་བཙུགས་ཡོད། དེ་དང་བསྡུར་ན། རྒྱལ་ཡོངས་སུ་2010ལོ་ནས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གི་སློབ་གསོའི་ལམ་ལུགས་ལག་ལེན་བསྟར་འགོ་ཚུགས་པ་དང་། 2023ལོར་རྒྱལ་ཡོངས་སུ་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་89.6%ཟིན་ཡོད། ཀྲུང་དབྱང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག དམིགས་བསལ་གྱི་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ཁག་གཅིག་གིས་བོད་ཀྱི་བྱེད་སྟངས་ལ་སློབ་སྦྱོང་བྱས་ནས་ལོ་15ཡི་སློབ་ཡོན་མི་དགོས་སློབ་གསོ་ལག་ལེན་བསྟར་བ་དང་། དར་རྒྱས་ཆེ་བའི་ས་ཁུལ་ཁག་གཅིག་གིས་ཀྱང་དམིགས་བསལ་སློབ་གསོའི་ཁྱབ་ཁོངས་ཀྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བས། བོད་སླར་ཡང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད། མིག་སྔར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་གནང་བའི“མི་དམངས་ཀྱི་བློ་ལ་བབས་པའི་སློབ་གསོ་ཡག་པོ་གཉེར་དགོས”ཞེས་པའི་བླང་བྱ་གཞིར་བཟུང་། བོད་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞིའི་ནང་བཏོན་པའི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་གི་དམིགས་ཚད་ཁག་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད།

    ཁ་གཏད་རོགས་སྐྱོར་སྲིད་ཇུས་ལག་ལེན་བསྟར་བ། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར”གྱི་འཐབ་ཇུས་མཛད་ཕྱོགས་དང“ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་སྟངས་གཏན་འཁེལ་བྱས་པ་དང་། 2001ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ལས་འགན་འཁུར་མཁན་ཞིང་ཆེན་དང་། གྲོང་ཁྱེར། གཞུང་ཁོངས་རྐང་འཛིན་ཁེ་ལས་བཅས་ཁག་གཅིག་མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ། འབྲེལ་ཡོད་སྲིད་ཇུས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཞིང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་17 དེ་བཞིན་གཙོ་གནད་ཀྲུང་དབྱང་ཁེ་ལས་15བཅས་ཀྱིས་ལས་བྱེད་ཤེས་ལྡན་པ་དང་། རྣམ་གྲངས་མ་དངུལ། ཐོན་ལས་ལག་རྩལ་བཅས་ཐད་ནས་ཁ་གཏད་བོད་སྐྱོར་བྱས་པ་དེ་རང་སྐྱོང་ལྗོངས་དང་། ས་ཁུལ། གྲོང་ཁྱེར། རྫོང་བཅས་ཚང་མར་ཁྱབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁ་གཏད་བོད་སྐྱོར་གྱི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ། རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་འབད་བརྩོན་ལྷོད་མེད་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད། ལག་ལེན་ནུས་ལྡན་དེ་ལས་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཞིང་། 2008ལོའི་དབུན་ཁྲོན་ས་ཡོམ་དང་2010ལོའི་ཡུལ་ཤུལ་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་དང་། ཁ་གཏད་ཤིན་སྐྱོར་ལས་དོན། “ཁུལ་གསུམ་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ཁྲོད་དུ་ཚང་མས་ཁ་གཏད་བོད་སྐྱོར་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཅིག་དང་། སྔོན་ལ་ཕྱུག་པོ་ཆགས་པས་རྗེས་སུ་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་པ་དང་མཐར་ཐུན་མོང་འབྱོར་ཕྱུག་ཡོང་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག རང་རྒྱལ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ་ཞིག “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བའི་དེང་རབས་ཅན”ཡིན་པའི་མཚོན་ཚུལ་ཡག་ཤོས་ཤིག་བཅས་རེད།

    སློབ་གསོ་དང་སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱས་པ། 2015ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྲིད་ཇུས་བཏོན་ཞིང་། སློབ་གསོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཏེ། “གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་ནས་བོད་ལ་གནས་ཐུབ་པའི་དགེ་རྒན་དཔུང་ཁག་གཅིག་གསོ་སྐྱོང་བྱས་པ་དང་། བོད་ཀྱི་རྨང་གཞིའི་སློབ་གསོའི་ཞན་ཆ་བསལ་བ། སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་དང་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་བ། “ཁྱིམ་གྱི་སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”བཙུགས་ཡོད། ཀྲུང་དབྱང་རྩ་འཛུགས་པུས་སྣེ་ཁྲིད་པ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྨན་ཁང་མང་པོ་ཞུགས་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ནས་ལོ་8སོང་ཞིང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ”སོགས་ཀྱི་བྱེད་སྟངས་སྤྱད་དེ། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་པ་དང་། བོད་ཀྱི་སྨན་བཅོས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་བསལ་ནས་མི་སེར་ཚོས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། གྲུབ་འབྲས་ཐོབ་པའི་བྱེད་ཐབས་རབ་དང་རིམ་པ་དེ་དག་ཤིན་ཅང་དང་མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་ཁྱབ་གདལ་བཏང་སྟེ། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་མངོན་འགྱུར་བྱེད་པར་ཐབས་ལམ་གསར་པ་བཏོད་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་པ། 2020ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཕྱོགས་སྡོམ་དང་ཕྱོགས་བསྡུས་བྱེད་པའི་གལ་ཆེའི་ནང་དོན་ཞིག་ནི“ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་དགོས”ཞེས་པ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ནང་བཅུག་སྟེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་ཞེས་ནན་བཤད་གནང་ཡོད། བོད་དུ་འདུ་ཤེས་དེ་མི་རྣམས་ཀྱི་སེམས་སུ་གཏིང་ཟབ་ཟུག་ནས་བོད་ཀྱི་ལས་དོན་ཁག་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་བབ་གལ་ཆེན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། བོད་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་སྔར་བས་མངོན་གསལ་དོད་པའི་ཐོག་འཇོག་པ། ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གཙུག་རྒྱན་དུ་འགྱུར་བ་ཧུར་ཐག་བྱས་དང་བྱེད་བཞིན་ཡོད། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་ཀྱི་ཐད་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་གལ་ཆེན་བཟུང་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བོད་འདི་ཉིད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72སོང་རིང་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། སྲིད་དབང་སྒེར་གཅོད་ནས་དམངས་གཙོ། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན། ལྷག་པར་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་ནས་བཟུང་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་ཐད་བོད་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བར་ངོ་བོའི་རང་བཞིན་གྱི་ཕན་འབྲས་ཐོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་ཐད་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། བོད་ཀྱིས་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པའི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། དཔེར་ན། 2023ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས《ལོ་རྒྱུས་ནས་གཅིག་གྱུར་འདུས་གྲུབ་མངོན། —གནའ་རྫས་རྟོག་ཞིབ་དང་རིག་དངོས་ལས་བོད་དང་ཀྲུང་ཡོན་གྱི་འབྲེལ་བ་མངོན་པའི་དཔྱད་ཡིག་ཞིབ་འཇུག》བམ་པོ་9དཔེ་སྐྲུན་བྱས་པ་དེ་ནི་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་ཐུབ་པའི་བརྩམས་ཆོས་རྩེ་གྲ་ཞིག་རེད།

    བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་བ། བོད་ཀྱིས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་ཐད་གསར་གཏོད་ཀྱི་བྱ་ཐབས་མང་པོ་ཡོད། 1995ལོར་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལྟར་གསེར་བུམ་དཀྲུགས་པ་དང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་ཡོད། 2010ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལག་ཁྱེར”གཅིག་གྱུར་ཐོག་བཟོས་པ་དེ་སྤྲུལ་སྐུའི་ཁྲིམས་མཐུན་ཐོབ་ཐང་གི་དཔང་རྟགས་སུ་གྱུར་ཡོད། བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱིས་ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཐོག་ཐོན་པའི“སྤྲུལ་སྐུ་རྫུན་མས”གང་སར་མགོ་སྐོར་བཏང་བར་བརྒྱབ་པའི་ཞུ་གཏུག་ལ་དམིགས་ཏེ། 2016ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་བཙུགས་ནས་བཟང་སྐྱོར་ངན་བཅོས་ཀྱིས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་བདེན་རྫུན་དབྱེ་འབྱེད་བྱེད་རོགས་བྱས་ཡོད། “བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གྱི་ལག་ཁྱེར”གཅིག་གྱུར་ཐོག་བཟོས་ནས་སྟབས་བདེ་ནུས་ལྡན་ངང་བདེན་དཔང་ར་སྤྲོད་ཐུབ་པའི་དེང་རབས་ཅན་གྱི་གྲྭ་བཙུན་དོ་དམ་མ་ལག་ཅིག་བཙུགས་ཡོད། རང་རྒྱལ་གྱི་ཆོས་ལུགས་དང་གྲུབ་མཐའ་ཁག་གཅིག་གིས་ཀྱང་བོད་བརྒྱུད་ནང་བསྟན་གྱི་ཉམས་མྱོང་སློབ་སྦྱོང་དང་དང་ལེན་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣའི་དོ་དམ་མ་ལག་བཙུགས་ཡོད། “ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་གསོ་སྐྱོང་ཤུགས་ཆེན་བྱས་ནས་བོད་ཀྱི་རིམ་པ་མཐོ་བའི་བོད་བརྒྱུད་ནང་བསྟན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གླིང་དང་པོ་སྟེ། བོད་ལྗོངས་ནང་བསྟན་སློབ་གླིང་བཙུགས་ཤིང་། དེ་གར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེ་གྲས་ལྔའི་གྲྭ་བཙུན་སློབ་མ་གཅིག་སྡུད་བྱས་ཡོད་པ་དང། སློབ་གཉེར་གཞི་ཁྱོན་དང་སློབ་ཐོན་མི་གྲངས་རྒྱལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་ནང་ཨང་དང་པོར་སླེབས་ཡོད། པེ་ཅིང་དུ་ཡོད་པའི་ཀྲུང་གོའི་བོད་སྐད་ཡིག་ཚན་ཁག་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་དང་སློབ་གྲྭས་ཐུན་མོང་ཐོག་མཐོ་རིམ་མཚན་གནས“མཐོ་རམས་པ”མཚོན་རྟགས་སུ་བྱས་པའི་མཚན་གནས་མ་ལག་དང་སློབ་གསོའི་མ་ལག་ཆ་ཚང་ཞིག་བཙུགས་ཡོད། གྲྭ་བཙུན་སློབ་མ་ཚོས“ནང་བསྟན་སློབ་གླིང་ལ་ད་ལྟའི་གཞི་ཁྱོན་ལྡན་པ་དེ་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་དང་སྤྱི་ཚོགས་བརྟན་ལྷིང་། ནང་བསྟན་ཆོས་ལུགས་དར་སྤེལ་དང་བོད་ཀྱི་རིག་གནས་འཕེལ་རྒྱས་བཅས་ཚང་མའི་ངོས་ནས་བརྗོད་ན་དགེ་མཚན་ཧ་ཅང་ཆེན་པོ་ལྡན་པས་ཡིན། རང་རེའི་ཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས་པ་དང་། ཚོགས་འདུ་འཚོག་རིམ་བཞིན་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གནང་སྟངས་གཏིང་ཟབ་ཏུ་བཏང་བ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་དང་བོད་བརྟན་བོད་དར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ཡོད། བོད་སྐྱོང་མཛད་ཇུས་རབ་དང་རིམ་པ་བོད་དུ་ལག་ལེན་བསྟར་བ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚོད་ལྟ་བྱ་ཡུལ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཚོལ་ཞིབ་གསར་པ་ཞིག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་ཤིག་བཅས་རེད། ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་ལེགས་གྲུབ་བྱུང་བའི་ལག་ལེན་ལ་ཞིབ་འཇུག་དང་། ཕྱོགས་སྡོམ། དྲིལ་བསྒྲགས། ཁྱབ་གདལ་བཅས་གཏོང་བ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    (རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།