ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱིས་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོར་རྒྱུན་མཐུད་འབད་འཐབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
མངའ་རིས་ཀྱི་སྔོ་འགྱུར་ལམ་བུ།
འདི་ནི་སེང་གེ་ཁ་འབབ་གཤོང་སའི་བྱེ་འགོག་བྱེ་བཅོས་ལས་གྲྭའི་ཟུར་ཞིག་ཡིན་པ།
དེ་སྔ་ས་བབ་མཐོ་ཚད་སྨི་4200ཡན་ཟིན་པའི་སེང་གེ་ཁ་འབབ་ཀྱི་གཤོང་སར་ལྗོན་ཤིང་ཧ་ཅང་དཀོན་ཅིང་། ལོ་20ཡི་གོང་གི་ད་ལྟའི་དུས་སུ་ས་གནས་དེ་གའི་མང་ཚོགས་བྱེ་རླུང་གི་གནོད་འཚེས་མནར་གྱི་ཡོད། ད་ཆ། མུའུ་ཁྲི་5ཡན་གྱི་བྱེ་འགོག་བྱེ་བཅོས་ནགས་རས་སྒར་རྫོང་གྲོང་སྲུང་སྐྱོབ་བྱས་པ་དང་། གཞུང་ལམ་གྱི་ལམ་རྒྱུད་དང་ཁང་པའི་རྒྱབ་མདུན་གང་སར་མེ་ཏོག་ཁྲ་ཆིལ་ལེར་བཞད་ཡོད་ལ། སྔོ་ལྗང་སྤང་ལྗོངས་ཀྱིས་ཁེངས་ནས་ལྗོན་ཤིང་གིས་སེང་གེ་ཁ་འབབ་ངོགས་གཉིས་ཀྱི་མུ་མཐའ་མེད་པའི་གྲམ་ཐང“སྔོ་ལྗང་གི་བར་ཁྱམས”ཤིག་ཏུ་གྱུར་ཡོད། མངའ་རིས་ས་མཐོར་རྒྱང་ལྟ་བྱེད་སྐབས་སྔོ་ལྗང་ལ་རེ་བ་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ནས་ཤིང་འཛུགས་ལྗང་སྲུང་དང་སྙིང་རུས་གཏན་འཁྱོངས་ཀྱིས་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རིང་རང་འགན་ཐེག་པ་འཁུར་ལེན་དང་ནུས་ཤུགས་ཡོད་རྒུས་སྔོན་ཐོན་བརྩོན་ལེན་བྱེད་ཀྱི་ཡོད།
“ཉམས་མྱོང་མེད་པ”ནས“ཡུལ་ཐབས”བར་འཚོལ་ཞིབ་བྱེད་རིང་བྱེ་འགོག་བྱེ་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
2001ལོར་ང་ལས་ཀར་ཞུགས་མ་ཐག་པའི་སྐབས་སུ་འདི་གར་གྲོང་རྡལ་ཆུང་ཆུང་ཞིག་ལས་མེད་པ་དང་། ཉེ་འཁོར་དུ་གྲམ་ཐང་ཡིན་པས་ལྷགས་པ་ཆེན་པོ་རྒྱག་སྐབས་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། སྐབས་དེ་དུས་མི་མང་པོ་ཞིག་ད་དུང་སོ་ཕག་གི་ཁང་པར་སྡོད་ཀྱི་ཡོད། འཁོར་ཞག་ལ་བསྡད་ནས་ཟླ་ཤས་སོང་རྗེས་ལོག་ཡོང་སྐབས་ཁང་པའི་སྒོ་བྱེ་མས་བཀག་ནས་འབྱེད་ཐུབ་ཀྱི་མེད་ཅེས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིམ་བཞིའི་བརྟག་ཞིབ་པ་ཉི་མ་ཕུན་ཚོགས་ཀྱིས་མུའུ་ཁྲི་ཡི་བྱེ་འགོག་བྱེ་བཅོས་ནགས་གླིང་གི་མདུན་དུ་ལངས་ནས་དྲན་གསོ་བྱེད་བཞིན་དེ་ལྟར་བཤད།
ཡིན་ན་ཡང་ཉམས་ཞན་གྱི་ཁོར་ཡུག་ལས་མི་རྣམས་ཀྱིས་སྔོ་ལྗང་ལ་བཅངས་པའི་རེ་བ་འགོག་མི་ཐུབ། 1989ལོར་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་རླུང་བཅོས་སྒྲིག་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་པ་དང་། 1994ལོར་མངའ་རིས་ས་ཁུལ་གྱིས་སེང་གེ་ཁ་འབབ་གཤོང་སའི་སྐྱེ་དངོས་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
དཀའ་སྤྱད་སྙིང་རུས་ཆེ་བའི་མངའ་རིས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གང་སར་ཤིང་རིགས་བཙལ་ནས་ཕྲག་ཏུ་འཁུར་བ་དང་། ཆུ་ཡུར་བྲུས་ནས་ཆུ་འདྲེན་པ། ཤིང་འཛུགས་རྩྭ་འདེབས་བཅས་བྱས་ཡོད། འོན་ཀྱང་རང་བྱུང་ཁོར་ཡུག་ཞན་པ་དང་ཤིང་འཛུགས་ནགས་བཟོའི་ཉམས་མྱོང་མེད་པས་ལྗོན་ཤིང་གི་གསོན་ཚད་དམའ་བས“བྱེ་གྲོང”གི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་གཏོང་ཐུབ་མེད།
མངའ་རིས་ས་ཁུལ་གྱི་ས་བབ་མཐོ་བ་དང་། ཆར་ཆུ་དཀོན་པ། ཉི་འོད་ཤུགས་ཚད་ཆེ་བ། ལྷགས་པ་ཆེ་བ། སེག་མའི་ས་གཤིས་སོགས་ས་གཤིས་ཁོར་ཡུག་གི་ཁྱད་ཆོས་ལ་དམིགས་ཏེ། ནགས་ལས་ལས་དོན་པས་ལྗོན་ཤིང་གསོན་ཚད་མཐོ་རུ་གཏོང་བའི་བྱ་ཐབས་མང་པོ་ཕྱོགས་སྡོམ་བྱས་ཡོད། “ས་འོག་ཏུ་གཏིང་རིང་པོ་འདེབས་པ་དང་། མགོ་འབུས་ཙམ་འདེབས་པ། ཆུ་མང་པོ་རྒྱག་པ”བཅས་ནི་ས་གནས་དེ་གའི་ཤིང་འཛུགས་ནགས་བཟོའི་ལག་རྩལ་གྱི་ཁྱད་ཆོས་ཤིག་རེད། ཉི་མ་ཕུན་ཚོགས་ཀྱིས། ཤིང་འཛུགས་སྐབས་དྲུས་པའི་སྡོང་ཁུང་དེ་སྡོང་ཕྲུག་གི་རིང་ཚད་ཀྱི་གསུམ་ཆ་གཉིས་ཙམ་ཟིན་དགོས། ས་གཤིས་ཡག་པོ་མེད་སར་ད་དུང་ས་དང་སྐྱེ་ལྡན་ལུད་རྒྱག་དགོས། རྩ་བ་མ་ཚུགས་བར་ངེས་པར་དུ་ཉིན་ལྟར་ཆུ་འཚོས་པོ་རྒྱག་དགོས། བཙུགས་མ་ཐག་པའི་སྡོང་ཕྲུག་ལ་གཟའ་འཁོར་རེར་ཉུང་མཐར་ཡང་ཆུ་ཐེངས་གསུམ་རྒྱག་དགོས། “ད་ཆ་དེའི་སྐོར་གླེང་སྐབས་ལས་སླ་པོ་ཡོད་ཀྱང‘ཐབས་ཤེས་རྙིང་པ’དེ་ནི་བར་ཆད་དང་དཀའ་སྡུག་མང་པོ་བརྒྱུད་འཚོལ་ཞིབ་བྱས་པ་ཞིག་རེད། ཕྱོགས་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་པར་བརྟེན་ད་ཆ་ལོ་ལྟར་གྱི་ཤིང་འཛུགས་ནགས་བཟོའི་གསོན་ཚད་85%ཡན་ཟིན་གྱི་ཡོད”ཅེས་ངོ་སྤྲོད་བྱས།
ནགས་བཟོའི་སྡོང་ཕྲུག་དང་། ས་ཆ། རྒྱ་ཁྱོན། སྟུག་ཚད། གཡོག་བྱེད་སོགས་བརྒྱུད་རིམ་ལྡན་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་བསྟར་བྱས་པ་བརྒྱུད། སེང་གེ་ཁ་འབབ་གཤོང་སའི་སྐྱེ་དངོས་བྱེ་འགོག་བྱེ་བཅོས་ལས་གྲྭར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལས་གྲྭ་ལག་ལེན་བསྟར་ཚུན། ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་5.3ཟིན་པ་དང་། སྡོང་ཕྲུག་ཁྲི་885བཙུགས་པ། རྩྭ་མུའུ་6100བཏབ་ཡོད།
ཁོར་ཡུག་མཛེས་སུ་དང་ཡོང་འབབ་མང་དུ་ཕྱིན་ནས་ཤིང་འཛུགས་སྔོ་འགྱུར་གྱིས་གསར་དར་སྐྱེ་ཁམས་ཐོན་ལས་ལ་སྐུལ་མ་ཐེབས་པ།
རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་དགུན་ཁ་ཤར་ཡང་གླང་ཆེན་ཁ་འབབ་བརྒྱུད་ཀྱི་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་པའི་གླ་ཚེར་གྱི་ནགས་ཚལ་སྔར་བཞིན་སྟུག་པ་དང་། ངོགས་གཉིས་ཀྱི་བརྗིད་ཉམས་དོད་པའི་དྲུ་རིའི་རྒྱན་སྤྲོས་འོག་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
མཐོ་ལྡིང་གྲོང་རྡལ་གྱི་གྲོང་མི་སྒྲོལ་མས་གསར་འགོད་པར“ང་ཚོས་འདི་གར་གླ་ཚེར་མང་པོ་བཏབ་ཡོད། དེས་ཁོར་ཡུག་མཛེས་སུ་གཏོང་ཐུབ་པ་མ་ཟད། གླ་ཚེར་ལ་འབྲས་བུ་བཏགས་རྗེས་ལས་སྣོན་བཟོ་གྲྭར་བཙོངས་ན་ཁེ་བཟང་ཡག་པོ་རག་གི་ཡོད”ཅེས་བཤད།
རྩྭ་མདའ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཆཱང་ཤིང་པོའོ་ཡིས། མིག་སྔར་རྩྭ་མདའ་རྫོང་གིས་གླ་ཚེར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་སྤྱད་དེ་གླ་ཚེར་གྱི་ཉིང་ཁུ་དང་གླ་ཚེར་གྱི་ཨ་རག་སོགས་ཐོན་རྫས་གསར་སྤེལ་བྱས་པས་ནགས་བཟོ་སྔོ་འགྱུར་ལ་སྐུལ་འདེད་བཏང་བ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་ཡོད། མིག་སྔར་རྩྭ་མདའ་རྫོང་གི་གླ་ཚེར་རང་བྱུང་ནགས་གླིང་ལ་རྒྱ་ཁྱོན་མུའུ་ཁྲི་1ཡོད་པ་དང་། 2019ལོ་ནས་བཟུང་རྡོག་ཆེན་གླ་ཚེར་ནང་འདྲེན་བྱས་ཏེ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་ཤིང་། མིག་སྔར་མུའུ་1300བཏབ་ཡོད། འདི་ལོ་མུའུ་1000འདེབས་རྒྱུ་དང་སླད་ཕྱིན་འདེབས་ཁྱོན་མུའུ་ཁྲི་1བར་རྒྱ་ཆེར་གཏོང་རྩིས་ཡོད་ཅེས་ངོ་སྤྲོད་བྱས།
རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག རྩྭ་མདའ་རྫོང་གིས་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་རིང་གླ་ཚེར་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ཡོད། མངའ་རིས་ཀྱིས་ལག་བསྟར་བྱས་པའི་ནགས་བཟོ་སྔོ་འགྱུར་ལས་གྲྭས་ད་དུང་གསར་དར་སྡོང་ཕྲུག་ཐོན་ལས་ལ་སྐུལ་འདེད་བཏང་ཡོད།
སི་ཁྲོན་ནས་ཡིན་པའི་ཐང་ཡུང་གིས་ཚོང་ལས་གོ་སྐབས་དམ་འཛིན་བྱས་ནས་སྒར་རྫོང་དུ་ས་ཞིང་མུའུ་375འགན་གཙང་བླངས་ཏེ་གྲོང་གསེབ་ཀྱི་སྡོང་ཕྲུག་འདེབས་གསོ་རྟེན་གཞི་བཙུགས་ཤིང་། དྲོད་ཁང་ཆེ་མོ་8བརྒྱབ་ནས་གླ་ཚེར་འདེབས་གསོ་བྱས་པ་དང་ས་ཞིང་མུའུ་བརྒྱ་ལྷག་ཙམ་ལ་འོམ་བུ་ཤིང་སོགས་སྡོང་ཕྲུག་འདེབས་གསོ་བྱས་ཡོད།
“ང་ཚོས་འདེབས་གསོ་བྱས་པའི་སྡོང་ཕྲུག་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་བ་མ་ཟད། ཐ་ན་ཤིན་ཅང་དུའང་འཚོང་གི་ཡོད། དབྱར་ཁ་ལས་བྲེལ་ཆེ་བའི་སྐབས་སུ་ངས་ས་གནས་དེ་གའི་མང་ཚོགས་20གླ་གི་ཡོད། དེ་ནི་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པའི་སྐྱེ་ཁམས་དཔལ་འབྱོར་ཡིན་ལ་ཕན་ཡོད་ས་ཁུལ་གྱི་དམངས་ཕན་ཐོན་ལས་ཤིག་ཀྱང་རེད། དེའི་ནང་ཞུགས་ཚེ་དོན་སྙིང་ཆེན་པོ་ལྡན་ཡོད་བསམ་གྱི་འདུག”ཅེས་ཚོང་ཡག་པོ་ཡོད་པའི་སྐོར་གླེང་སྐབས་ཐང་ཡུང་གིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
གྲངས་གཞི་ལས་མངོན་པར། 2022ལོའི་ལོ་མཇུག་བར་ས་ཁུལ་ཡོངས་སུ་སྡོང་ཕྲུག་རྟེན་གཞི་128ཡོད་པར་གཞི་ཁྱོན་མུའུ་ཁྲི་2.3ཙམ་ཟིན་གྱི་ཡོད་པ་རེད། 2022ལོ་ཁོ་ནར་སྡོང་ཕྲུག་ཁྲི་132བཙོངས་པར་ཡོང་འབབ་སྒོར་ཁྲི་912བྱུང་ཡོད།
མེ་ཤིང་འཐུ་བ་ནས་རང་རྟོགས་ངང་སྔོ་ལྗང་སྲུང་སྐྱོང་བྱེད་པའི་བར། ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱས་པ།
སྒར་རྫོང་གྲོང་ལྷོ་ངོས་ཀྱི་ནགས་ཚལ་ཞིག་གི་ནང་ཚེ་རིང་བསམ་སྒྲོན་གྱིས་ཞྭ་མོ་དང་ཁ་རས་གྱོན་ནས་ཆུ་ཡུར་གཙང་སེལ་བྱེད་བཞིན་ཡོད་ཅིང་། ཁོང་ནི་འདི་གའི་ནགས་སྲུང་བ་རེད།
ལོ་ཤས་གོང་ཚེ་རིང་བསམ་སྒྲོན་གྱིས་ལྟ་སྲུང་བྱེད་པ་ནི་རང་ཁྱིམ་གྱི་ནོར་ལུག་ཡིན་པ་ལས་ལྗོན་ཤིང་མིན། 2016ལོའི་ཟླ་12པར་ཁོང་དང་ནང་མི་གཞན་གསུམ་པོས་ཡུལ་མི་ཚོ་དང་མཉམ་དུ་ས་བབ་སྨི་4500ལྷག་ཙམ་ཟིན་པའི་རུ་ཐོག་རྫོང་དུང་རུ་ཤང་ཨ་རུ་གྲོང་ཚོ་ནས་སྒར་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཏེ་བདེ་སྐྱིད་ཁང་གསར་དུ་སྤོས་ནས་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས།
ཚེ་རིང་བསམ་སྒྲོན་ནགས་སྲུང་བའི་ལས་ཀར་ཧ་ཅང་དགའ་པོ་ཡོད་ཅིང་། ཟླ་རེར་གླ་ཕོགས་སྒོར་6000ཡོད་པས་སྐབས་དེ་དུས་ཕྱུགས་འཚོ་སྐབས་ཀྱི་ཡོང་འབབ་ལས་མང་བ་ཡོད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ལྟར་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་ཕྱི་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་བར་སྐོར་ཞིབ་བྱེད་ཀྱི་ཡོད་པ་དང་། རྣམ་ཀུན་ནས་ལྗོན་ཤིང་ལ་ཆུ་རྒྱག་པ་དང་ཆུ་ཡུར་གཙང་མ་བཟོ་བ་ཕུད། ད་དུང་གད་སྙིགས་སྒྲུག་པ་དང་། གནོད་འབུ་ཡོད་མེད་ལྟ་བ། ཕྱུགས་ཟོག་གིས་ནགས་སར་གཏོར་བཤིག་གཏོང་མིན་ལ་ལྟ་བ་སོགས་བྱེད་དགོས་པ་མ་ཟད། ལྷག་པར་དུ་མེ་ཟོན་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད།
དེ་ནི་བགྲེས་སོང་སྐལ་བཟང་གིས་བཤད་པ་ལྟར། སྔོ་ལྗང་ཅན་དུ་འགྱུར་བ་ལས་སྐྱེ་ཁམས་དང་སྡོད་མལ་ལ་ཕན་འབྲས་ཐོན་པ་ཤེས་སྐབས“ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་རྡུལ་དག་པ། ཆུ་མོ་དེ་བས་དྭངས་ཤིང་གཙང་བ”བཅས་ཡོང་བ་བྱེད་རྒྱུ་དེ་མང་ཚོགས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བཅངས་པའི་རེ་བ་གསར་པ་ཞིག་ཏུ་གྱུར་ཡོད་ལ། ཁོར་ཡུག་སྲུང་སྐྱོང་དང་ཁྱིམ་གཞིས་མཛེས་བཟོའི་ནང་ཧུར་ཐག་ཞུགས་རྒྱུ་དེའང་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། འདི་ལོའི་ལོ་སྟོད་ཁོ་ནར་མངའ་རིས་ས་ཁུལ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་མཁན་མི་ཐེངས་ཁྲི་1.4ཟིན་པ་དང་། སྡོང་ཕྲུག་རྐང་ཁྲི་62བཏབ་ནས་མཛེས་སྡུག་ལྡན་པའི་མངའ་རིས་སྐྲུན་ཕྱིར་ལེགས་སྐྱེས་ཕུལ་བ་དང་། མངའ་རིས་ས་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་བསྟུན་ནས་བདག་སྐྱོང་བྱེད་དགོས་པའི་ནགས་ཚལ་གྱི་རྒྱ་ཁྱོན་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ས་ཁུལ་ཡོངས་སུ་ནགས་སྲུང་སྐྱེ་ཁམས་ལས་གནས་སུ་ཞུགས་མཁན་ཞིང་འབྲོག་པ་5000ལས་བརྒལ་ཡོད་པ་རེད།
བརྗིད་ཉམས་ལྡན་པའི་མངའ་རིས་ས་མཐོར་ཤིང་འཛུགས་ནགས་བཟོ་བྱེད་པའི་ཕུགས་འདུན་ནི་ཞོགས་པའི་ཉི་ཟེར་དང་འདྲ་བར་ཕྱོགས་བཞི་མཚམས་སུ་འཕྲོས་ཤིང་། སྔོ་འགྱུར་ཕུགས་འདུན་སྒྲུབ་བཞིན་པའི་མངའ་རིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས“སྔོ་ལྗང་མང་དུ་གཏོང་བ”ནས“རྣམ་པ་མཛེས་བཟོ”དང“སྤུས་ཚད་མཐོ་རུ་གཏོང་བའི”བར། སྤྲོ་སེམས་དང་དངོས་སྒྲུབ་ཀྱི་ཐོག་ནས་ངོ་མཚར་གཏམ་རྒྱུད་མུ་མཐུད་བརྩམས་ཏེ་འཛམ་གླིང་གི་ཡང་རྩེ་འདིར་སྔོ་འགྱུར་ལས་ལ་གཞོལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྐྲུན་བཞིན་ཡོད།