“ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་ཐེངས་བརྒྱའི”ཐེངས་135པར།
གོང་མའི་ཕོ་བྲང་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྒྲོག་འགྲེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་ཐེངས་བརྒྱའི”བྱེད་སྒོ་ཐེངས་135པ་གོང་མའི་ཕོ་བྲང་རྟེན་མཛོད་ཁང་དུ་སྤེལ་ཞིང་། གོང་མའི་ཕོ་བྲང་རྟེན་མཛོད་ཁང་གི་ཡོན་ཀྲང་ཝང་ཤུས་ཏུང་གིས་འགོ་བརྗོད་དུ《གོང་མའི་ཕོ་བྲང་རིག་གནས་ཀྱི་ལོ་རྒྱུས་རྩ་བ་དང་དུས་རབས་ཀྱི་རིན་ཐང》ཞེས་པའི་གཏམ་བཤད་བྱས་པ་རེད།
ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཏན་ཏིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། “ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་ཐེངས་བརྒྱ”ཡིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྒྲོག་འགྲེལ་རབ་དང་རིམ་པ་ཇུས་འགོད་བྱས་ཡོད་ཅིང་། ད་ཐེངས་ཀྱི་བྱེད་སྒོ་ནི་རིམ་པ་དེའི་ཁྲིད་ཐེངས་བརྒྱད་པ་ཡིན་ལ་མཇུག་བསྡུའི་འཆད་ཁྲིད་ཀྱང་རེད།
ཝང་ཤུས་ཏུང་གིས་གོང་མའི་ཕོ་བྲང་གི་ལོ་ངོ་600ལྷག་ཙམ་གྱི་འཕེལ་རྒྱས་དང་རྒྱུན་འཛིན་ལ་ཕྱིར་མིག་བལྟས་ཏེ། ལོ་རྒྱུས་ཀྱི་འཕེལ་རིམ་དང་། ཤེས་དཔལ་གྱི་འདུ་ཤེས། རིག་གནས་སྤེལ་རེས་སོགས་ཀྱི་བརྒྱུད་རིམ་དུ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཚོལ་ཞིབ་བྱས་ཡོད་པ་དང་། “དུས་བདེའི་གོང་མའི་ཕོ་བྲང”དང་། “རིག་གཞུང་གི་གོང་མའི་ཕོ་བྲང” “གྲངས་འཛིན་གྱི་གོང་མའི་ཕོ་བྲང” “གསོན་ཤུགས་ལྡན་པའི་གོང་མའི་ཕོ་བྲང”བཅས་ཀྱི་འཛུགས་སྐྲུན་དངོས་དཔེ་དང་ཟུང་འབྲེལ་བྱས་ནས་གོང་མའི་ཕོ་བྲང་རིག་གནས་སུ་འདུས་པའི་དུས་རབས་ཀྱི་རིན་ཐང་སྔར་བས་རྒྱས་བཤད་བྱས་པ་རེད། ཁོང་གིས་གོང་མའི་ཕོ་བྲང་གི་རིག་གནས“ཕྱིར་སྐྱོད་པར”སྐུལ་འདེད་ཧུར་ཐག་གཏོང་བའམ་ཡང་ན་གོང་མའི་ཕོ་བྲང་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གང་ཞིག་ཡིན་རུང་སྤྱི་དམངས་དང་འཛམ་གླིང་ལ་གོང་མའི་ཕོ་བྲང་གི་སྣ་མང་རིན་ཐང་དང་ཀྲུང་ཧྭ་རིག་གནས་ཀྱི་བསྟུན་མཁས་དང་སྒོ་དབྱེ་མངོན་པར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།