དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་སྨན་སྦྱོར་ཁེ་ལས་ཆིག་ཁྲི་ཡན་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མིག་སྔའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་སྨན་སྦྱོར་ཁེ་ལས་ཆིག་ཁྲི་ཡན་ཟིན་པ་དང་། འཕར་ཐང་བསྡོམས་འབོར་གྱིས་བཟོ་ལས་འཕར་ཐང་ཧྲིལ་པོའི་བསྡུར་ཚད་ཀྱི་4%ཙམ་བཟུང་བ། སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱས་པའི་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ནས་སྨན་རྫས་མཁོ་འདོན་གྱི་འགན་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཚེས་17ཉིན་འཚོགས་པའི་2023ལོའི་ཀྲུང་གོའི་སྨན་རྫས་བཟོ་ལས་འཕེལ་རྒྱས་ཚོགས་ཆེན་ཐོག་བཟོ་ལས་དང་ཆ་འཕྲིན་ཅན་པུས་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད།

    སྨན་རྫས་བཟོ་ལས་ཀྱི་ཁྱབ་ཁོངས་སུ་རྫས་འགྱུར་སྨན་རྫས་དང་། སྨན་རྒྱུ། ཀྲུང་ལུགས་སྨན་རྫས། སྨན་བཅོས་ཡོ་བྱད་སོགས་ཚུད་ཡོད་ཅིང་། རྒྱལ་ཇུས་དམངས་འཚོ་དང་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད། རང་རྒྱལ་གྱིས་སྨན་རྫས་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། སྨན་རྫས་བཟོ་ལས་ཀྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་གི་གཞི་ཁྱོན་ཆེ་རུ་དང་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར།“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཁོངས་གཏོགས་ལས་རིགས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་20%ལྷག་ཙམ་འཕར་བ་དང་། གསར་སྤེལ་སྨན་རྫས་དང་རྩེར་སོན་སྨན་བཅོས་ཡོ་བྱད་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ཅིན་ཀྲོང་ལུང་གིས་ཚོགས་འདུའི་ཐོག བཟོ་ལས་དང་ཆ་འཕྲིན་ཅན་པུས་དེང་རབས་ཀྱི་སྨན་རྫས་བཟོ་ལས་མ་ལག་མགྱོགས་མྱུར་བསྐྲུན་ཏེ། མཁོ་སྤྲོད་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་ཐད། རྫས་འགྱུར་སྨན་རྫས་དང་། ཀྲུང་ལུགས་སྨན་རྫས། སྐྱེ་དངོས་སྨན་རྫས། སྨན་བཅོས་ཡོ་བྱད་བཅས་ལ་དམིགས་ཏེ། སྨན་རྫས་གསར་གཏོད་ཐོན་རྫས་ཐོན་ལས་ཅན་གྱི་འདུ་འགོད་དང་སྨན་རྫས་ཐོན་ལས་ཅན་གྱི་ལག་རྩལ་འགག་སྒྲོལ་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་ཐོན་རྫས་གསར་པ་ཐོན་ལས་ཅན་དང་ཁྲོམ་ར་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་བཏང་ནས། ཐོན་རྫས་གསར་པ་མགྱོགས་མྱུར་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་ལེགས་སུ་གཏོང་བ་དང་རིམ་པ་སྤོར་བར་སྐུལ་འདེད་གཏོང་བའི་ཐད། མ་བཅོས་རྒྱུ་ཆའི་སྨན་རྫས་བཟོ་བའི་ལེགས་ཆ་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། འགོག་རྫས་སྨན་རྫས་དང་རིམས་འགོག་སྨན་ཁབ་སོགས་སྐྱེ་དངོས་སྨན་རྫས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཐོན་ལས་ཀྱི་རིན་ཐང་འཁོར་འབྲེལ་རྩེར་སོན་གྱི་ཕྱོགས་སུ་མགྱོགས་མྱུར་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡོད་པ་རེད།

    གཙོ་གནད་ཐོན་རྫས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བའི་ཐད། གཙོ་གནད་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྨན་རྫས་གསོག་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་གི་ཡོད་པ་རེད།

    ཆུ་ཚད་མཐོ་བའི་སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད། རྒྱལ་ཁོངས་བརྒལ་བའི་ཀུང་སིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་གསར་གཏོད་སྨན་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་པར་སྐུལ་མ་གཏོང་བ་དང་། རྒྱལ་ནང་ཁེ་ལས་ཀྱིས་མཉམ་ལས་གསར་སྤེལ་དང་ལག་རྩལ་ཆོག་འཐུས་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་དང་ཐོན་རྫས་ནང་དུ་འདྲེན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།