དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་གཏེར་ཁུལ་སྔོ་ལྗང་གོས་ཀྱིས་བཀླུབས།

    ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ལྷོ་ཁའི་བཅར་འདྲི་ཚོགས་ཆུང་།   |     སྤེལ་དུས།  2023-11-20

    ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་ཀེ་ལྕགས་གཏེར་ཁུལ་ནི་མིག་སྔར་རྒྱལ་ནང་དུ་གསོག་ཚད་མང་ཤོས་ཀྱི་ཀེ་ལྕགས་གཏེར་ཁུལ་ཞིག་ཡིན་ཞིང་། དེར་ས་མཐོའི“ཀེ་གཏེར་གྱི་བང་མཛོད”ཞེས་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་། ཁེ་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བཅས་བྱས་ནས་གཏེར་རིའི་ཁེ་ལས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད།

    དུས་རབས་གོང་མའི་ལོ་རབས་80པའི་དུས་དཀྱིལ་དུ། ནོར་བུ་ས་ཀེ་ལྕགས་གཏེར་ཁ་འདོན་ཐབས་ནི་ཐད་ཀར་རི་བོ་བཤགས་ནས་བཏོན་པ་དང་། 2003ལོར་གཞི་ནས་ས་འོག་སྔོག་འདོན་ལ་བསྒྱུར་བས་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཆེ་ཙམ་བཟོས་ཡོད།

    2010ལོར་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རའི་འཁོར་སྐྱོད། ལག་རྩལ་གྱི་རྒྱབ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད། གཞུང་ཁོངས་ཁེ་ལས་ཡིན་པའི་བོད་ལྗོངས་གཏེར་ལས་དང་བོད་ལྗོངས་ཅང་ནན་གཏེར་ལས་གཉིས་ཀྱིས་སྔོག་འདོན་གྱི་གཞི་ཁྱོན་ཆུང་བ་དང་། ཐོན་ཁུངས་བེད་སྤྱོད་ཚད་དམའ་བ། ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཞན་པ་བཅས་ཀྱི་ཁེ་ལས་5ཡི་སྔོག་འདོན་དབང་ཆ་གཅིག་སྒྲིལ་བྱས་པས་ནོར་བུ་ས་ཀེ་ལྕགས་གཏེར་གྱི་གཞི་ཁྱོན་འོས་ཤིང་འཚམ་པ་དང་། འགྲན་རྩོད་ཆེ་ལ་གོ་རིམ་ལྡན་པ། ལེགས་བསྡུས་བེད་སྤྱོད། ཁོར་ཡུག་ལ་ཕན་པ་བཅས་ཀྱི་གཏེར་ལས་གསར་སྤེལ་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག

    གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ། མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གང་མགྱོགས་བསྐྲུན་ཡོད།

    གཏེར་རིའི་སྐྱེ་ཁམས་སླར་གསོའི་ལས་དོན་ཡག་པོ་སྒྲུབ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ། ཆེད་དོན་ཚོགས་འདུ། ས་གནས་ས་ཐོག་གི་ཚོགས་འདུ་སོགས་ཐེངས་མང་འཚོགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས《ལྷོ་ཁ་གྲོང་ཁྱེར་གྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལས་དོན་གྱི་ཇུས་གཞི》བཟོས་ནས་ནོར་བུ་ས་དང་། ཤང་ཁ་རི། ཁང་ཆེན་ལ་བཅས་ཀྱི་ཀེ་ལྕགས་གཏེར་རི་གྲོང་ཁྱེར་དེའི་ལྗང་མདོག་གཏེར་རི་འཛུགས་སྐྲུན་གྱི་ཚོད་ལྟའི་གཏེར་རིར་གཏན་འཁེལ་བྱས་པ་རེད། བོད་ལྗོངས་གཏེར་ལས་དང་བོད་ལྗོངས་ཅན་ནན་གཏེར་ལས་གཉིས་པོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཆེད་མངགས་ཁོར་ཡུག་བཅོས་སྐྱོང་གི་ཐེབས་རྩ་བཙུགས་ཏེ། ལྗང་མདོག་གཏེར་རི་བསྐྲུན་པར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    2017ལོ་ནས་བཟུང་། བོད་ལྗོངས་གཏེར་ལས་དང་བོད་ལྗོངས་ཅང་ནན་གཏེར་ལས་ཀྱིས་ཆེད་ལས་ལག་རྩལ་ཚན་པ་གདན་དྲངས་ཏེ་གཏེར་རིའི་དོན་དངོས་ཀྱི་བླང་བྱ་དང་མཐུན་པའི《ས་གཤིས་ཁོར་ཡུག་སྲུང་སྐྱོང་དང་ས་ཞིང་བསྐྱར་སྦོལ་ཇུས་གཞི》བཟོས་པ་དང་འབྲེལ་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ཀྱང་ཐོབ་ཡོད། འབྲེལ་ཡོད་ཇུས་གཞི་གཞིར་བཟུང་ཁེ་ལས་གཉིས་པོས་སྒོར་ཁྲི་4976.8དང་སྒོར་ཁྲི་4010བཏང་ནས་གཏེར་རིའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་བྱས་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གཏེར་ཁུལ་དེས་སྐྱེ་ཁམས་སླར་གསོར་སྤྱད་པའི་བྱེ་རྡོ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་130ལྷག་ཙམ་དབོར་འདྲེན་བྱེད་པར་ས་གནས་དེ་གའི་གྲོང་མིའི་རླངས་འཁོར་དང་ཁ་ལོ་བ་གླས་ཡོད།

    ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཆུ་གསུམ་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཚེ་བརྟན་གྱིས། གཏེར་རིའི་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་བྱེད་རིང་ཁེ་ལས་གཉིས་པོས་སྐྱེ་ཁམས་སླར་གསོའི་ལས་གྲྭར་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་260ལྷག་ཙམ་ཞུགས་སུ་བཅུག་ནས། མང་ཚོགས་ཀྱི་སྐྱེལ་འདྲེན་རླངས་འཁོར་230ལྷག་ཙམ་གླས་པས། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2394ཡོང་བར་སྐུལ་ཁྲིད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ད་ཆའི་ནོར་བུ་ས་ཀེ་ལྕགས་ཀྱི་གཏེར་རི་བདེ་བླག་ངང་རྒྱལ་ཡོངས་ལྗང་མདོག་གཏེར་རིའི་མིང་གཞུང་ནང་ཚུད་ཡོད། བོད་ལྗོངས་གཏེར་ལས་ལྷོ་ཁ་ཡན་ལག་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་ཁང་གི་ལས་སྒོའི་གཙོ་གཉེར་བ་པ་སངས་འཇིགས་གྲགས་ཀྱིས་ད་དུང་སྦོམ་པོ་དེ་ཙམ་མེད་པའི་བཙུགས་མ་ཐག་པའི་སྡོང་ཕྲུག་ལ་རེ་བའི་མིག་ཟུང་ཅེར་བཞིན“སྦྱར་པ་འདི་དག་ནི་འདི་ལོའི་ཟླ་གསུམ་པར་ཀུང་སིས་མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་ནས་ཉོས་པ་དང་། ལས་བཟོ་ཡོངས་ཀྱིས‘བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར’བཏབ་པ་རེད། མིག་སྔར་70%སྐྱེ་ཐུབ་ཡོད། སྡོང་ཕྲུག་འདི་དག་འདི་ལོ་དགུན་སྒྲོལ་ཐུབ་པའི་རེ་བ་ཡོད”ཅེས་གསར་འགོད་པར་བཤད་བྱུང་། དེ་ནས་རྒྱང་ཐག་མི་རིང་བའི་སར་ནོར་གནག་འགའ་བག་ཕེབས་ངང་རྩྭ་ཆུར་རོལ་བཞིན་འདུག གལ་སྲིད་ལས་ཀ་བྱེད་མཁན་གྱིས་དྲན་སྐུལ་མ་བྱས་ན། འདི་གར་ཐོག་མར་སླེབས་མ་ཐག་པའི་མི་ཞིག་ཡིན་ན་འདི་ནི་དེ་སྔོན་རི་བོ་གཤགས་ནས་གཏེར་ཁ་སྔོག་ས་ཡིན་པ་བསམ་པའི་ཡུལ་ལ་འཁོར་མི་སྲིད།

    གསར་འགོད་པའི་ཟིན་བྲིས།

    ཐོན་ཁུངས་ལུགས་མཐུན་གསར་སྤེལ་དང་བེད་སྤྱོད་གཏོང་བ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཆེད་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོང་ནི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བརྟན་པོ་དང་མིའི་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་དུ་ཡིན། ཁེ་ལས་ཀྱིས་འཕེལ་རྒྱས་གཏོང་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ”མཐའ་འཁྱོངས་ཀྱིས་ཁོར་ཡུག་གི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། དྭངས་གཙང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སླར་གསོ་བྱེད་པ། སྤྱི་དམངས་ཀྱི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལས་སྐྱེ་ཁམས་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས།

    ཁོར་ཡུག་སྲུང་སྐྱོང་བྱེད་པར་སྔོན་ཐོན་གྱི་ལག་རྩལ་དང་མ་དངུལ་འབོར་ཆེན་གྱི་རྒྱབ་སྐྱོར་དགོས། ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ལག་རྩལ་ལ་འཕེལ་རྒྱས་དང་ཚད་བརྒལ་བྱུང་བ་དང་བསྟུན་ནས་ནོར་བུ་ས་གཏེར་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེར་བརྟེན་ཁོར་ཡུག་སྲུང་སྐྱོང་གི་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་གསར་པ་ཞིབ་འཇུག་ལ་བསྔགས་སྐུལ་བྱེད་པ། ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། ནུས་རྒྱུ་དང་ཐོན་ཁུངས་ཟད་གྲོན་ཆུང་དུ་གཏོང་བ། ཁོར་ཡུག་སྦགས་བཙོག་ཉུང་དུ་གཏོང་བ། ཚན་རྩལ་གསར་གཏོད་སྒུལ་བྱེད་དུ་བྱེད་པ་བཅས་བྱས་ཏེ། ལྗང་མདོག་གི་ས་གོ་ལའི་དུས་རབས་གསར་པ་མཉམ་དུ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།