ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ།
དམངས་འཚོ་ལེགས་ཉེས་ལས་བདེ་སྐྱིད་ཀྱི་ཚད་གཞི་མངོན་པ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”ཁྲོད་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུ་མཐའ་འཁྱོངས། དམངས་འཚོའི“ལེགས་ཉེས”ལ་གཞིཊ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི“གཏིང་ཚད”ལ་ཞིབ་དཔྱད་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
“འཚོ་བར་དཀའ་ངལ་གང་དག་ཡོད་མེད་དམ་ཡང་ན་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཐད་བསམ་འཆར་དང་གྲོས་འགོ་གང་དག་ཡོད་མེད་ཚང་མས་ཤོད་ཆོག”
ཉེ་ཆར། ཆུ་གསུམ་གྲོང་རྡལ་ཏང་ཨུད་ཀྱིས་ཏང་སྲིད་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ཏེ། ཞིང་ནང་དང་ཁྱིམ་དུ་བསྐྱོད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་དང་འཕེལ་རྒྱས་སྐོར་གླེང་ནས་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།
དུད་ཚང་དུ་སྐྱོད་པའི་བརྒྱུད་རིམ་ཁྲོད། ཆུ་དཀར་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་བསོད་ནམས་བཀྲ་ཤིས་ཀྱིས་རང་ཉིད་དང་ཉེ་འགྲམ་གྱི་གྲོང་པ་ཁྱིམ་མཚེས་ཚོའི་ཁྱིམ་དུ་ཆུ་ཆད་པའི་གནས་ཚུལ་ཡང་ཡང་ཐོན་ནས་མི་ཕྱུགས་ཀྱི་འཐུང་ཆུ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལུགས་བཤད། དེར་བརྟེན་ཆུ་གསུམ་གྲོང་རྡལ་གྱིས་འཕྲལ་དུ་གནས་ཚུལ་ལ་ཞིབ་དཔྱད་བྱས་ཏེ་རྫོང་ཆུ་བེད་ཅུས་ལ་ཆུ་མདོང་རེ་ཞུ་ཧུར་ཐག་བྱས་པ་དང་། ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས། ཆུ་མདོང་བརྗེ་པོ་བརྒྱབ་སྟེ་གྲོང་ཚོ་དེའི་དུད་ཚང་71གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།
“ང་ཚོས་གོང་ཞུ་བྱས་མ་ཐག་གྲོང་རྡལ་ནས་འཕྲལ་དུ་ཐག་གཅོད་བྱས་བྱུང་བས་ང་ཚོའི་སེམས་ཁྲལ་རྦད་དེ་བསལ་སོང”ཞེས་བསོད་ནམས་བཀྲ་ཤིས་ཀྱིས་བཤད།
དམངས་ཀྱི་རེ་བ་བསྐངས་པས་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་དངོས་སུ་ཚོར་ཡོད།
སྡོད་མལ་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་ནི་མང་ཚོགས་ཚོས་དོ་ཁུར་དང་གླེང་མང་བའི་གནད་དོན་ཞིག་རེད། དེར་བརྟེན་ཆུ་གསུམ་གྲོང་རྡལ་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དང་ཏང་ཡོན་གྱིས་རྗེས་སུ་སྙེག་པའི་རྣམ་པའི་ཐོག་ནས་སྒྲིག་འགལ་ངང་བརྒྱབ་པའི་ཁང་པ་བཤིག་པ་དང་ཟང་ཟིང་ལ་བཅོས་སྒྲིག་བྱས་ཏེ། གྲོང་ཚོའི་བཀོད་པ་མཛེས་སུ་གཏོང་བའི་གཅིག་སྡུད་འགག་སྒྲོལ་གྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། རིམ་རྩིས་བྱས་ན། ཁང་པ་གོག་ཧྲུལ་60བཤིག་པ་དང་། ཛར་ཛོར་གང་བྱུང་དུ་འཇོག་ཁུལ་60ལ་བཅོས་སྒྲིག་བྱས་པ། གྱང་གོག་སྨི་5000ཉམས་བཟོ་བྱས་པས་གྲོང་གསེབ་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད།
ཤག་ལྷོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་བསྟན་འཛིན་གྱིས“ད་ཆ་ང་ཚོའི་གྲོང་ཚོའི་ཏང་ཡོན་ཚང་མ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དང་བླངས་པ་དང་རུ་སྣེ་ཁྲིད་མཁན་ཤ་སྟག་རེད། བཙོག་ཟིང་བཅོས་སྒྲིག་བྱ་རྒྱུ་དེ་སྔོན་ལ་ཏང་ཡོན་ནས་འགོ་བཙུགས་པ་དང་དེ་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྣེ་ཁྲིད་ཀྱིས་དེའི་ནང་ཞུགས་སུ་བཅུག་ཡོད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད”ཅེས་བཤད།
ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཆུ་གསུམ་གྲོང་རྡལ་གྱིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་བྱ་བ་དངོས་དོན་འཁྱོལ་བྱེད་པའི་གཙོ་གནད་དུ་བརྩིས་ནས། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་སོགས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་འདོན་བྱས་ནས་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱས་ཡོད།
འདི་ལོའི་ལོ་སྨད་དུ་ནོར་བུ་ས་ཁྲོམ་ར་ཅན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་ཆུ་གསུམ་གྲོང་རྡལ་དུ་ལག་བསྟར་བྱས་པ་རེད། ཆུ་གསུམ་གྲོང་རྡལ་གྱིས་རྣམ་གྲངས་ལ་བརྟེན་ནས་ལས་མི་སྤྱོད་པ་དང་ལས་ཡུལ་དུ་ངལ་ནུས་ནང་འདྲེན་བྱས་ཏེ། གྲོང་ཚོ་གཉིས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་འཕར་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པས་མང་ཚོགས་1451ལ་ཕན་པ་ཐོབ་ཡོད།
གོང་སྟོད་གྲོང་ཚོའི་གྲོང་མི་ཚེ་རིང་བཀྲ་ཤིས་ཀྱིས“གྲོང་རྡལ་གྱིས་མཐུན་སྦྱོར་བྱས་པས་ང་རང་ལས་ཡུལ་ནས་འོད་ལེབ་སྒྲིག་སྦྱོར་དང་གློག་གཏོང་སྒྲོམ་གཞི་སྒྲིག་པའི་ལས་ཀ་རག་སྟེ་ཉིན་གླ་སྒོར་240འདུག དེས་ངའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་ཐུབ་ཀྱི་འདུག”ཅེས་དགའ་སྤྲོའི་ངང་བཤད།
མཚོ་སྟོད་གྲོང་ཚོའི་མང་ཚོགས་ལ་བོད་སྒོང་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་བློ་བསྡུས་དགེ་འཚོལ་བྱས་ནས་ཚབ་ཚོང་བྱས་ཤིང་། ཕྱོགས་གཅིག་ནས་དུད་ཚང་དུ་བསྐྱོད་དེ་སྒོ་ང་བསྡུ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ལམ་རྒྱུད་དུ་ཐོག་མེད་བྲིན་ཚོང་ས་ཚིགས་བཙུགས་པ་དང་ཆབས་ཅིག ཁྱུག་དབྱིངས་ཀྱི་ཐད་གཏོང་ཁང་དང་སྐད་འཕྲིན་ཚོགས་པ་བརྒྱུད་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། ལས་དོན་རུ་ཁག་གི་ཁོངས་མི་ཡོངས་ཕྱིར་ཚོང་བར་གྱུར་ནས་ཟླ་བ་ཁ་ཤས་ནང་རིམ་རྩིས་བྱས་ན། དུད་ཚང་50ལྷག་ཙམ་གྱི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2.3ལྷག་ཙམ་བྱུང་བ་རེད།
མཚོ་སྟོད་གྲོང་ཚོའི་མང་ཚོགས་པད་མས“གྲོང་སྡོད་ལས་དོན་རུ་ཁག་གིས་ང་ཚོར་སྒོ་ང་འཚོང་རོགས་བྱ་ཆེད་དུས་ཚོད་དང་ནུས་ཤུགས་མང་པོ་བཏོན་པས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ང་ཚོའི་སྒོ་ང་འཚོང་བདེ་རུ་ཕྱིན་འདུག”ཞེས་བཤད།
“དམངས་འཚོར་ཕན་པའི་བྱ་བ་ཏན་ཏིག་སྒྲུབ་པ་དང་། དམངས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་ཞིབ་ཕྲ་སྒྲུབ་པ། དམངས་ཀྱི་བློ་ལ་བབ་པའི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཡོད། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གོ་སྐབས་སུ་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཆུ་གསུམ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་ཀྲང་ཞའོ་ཅང་གིས་བཤད།