ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་སྔ་དྲོ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་ཨ་རིའི་ཅིའུ་ཅིན་ཧྲན་གྱི་མོ་སི་ཁོའོ་ཉི་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་འགོ་བརྗོད་དུ《ཐོག་མའི་བསམ་འདུན་བརྟན་སྲུང་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྤུས་ཚད་མཐོ་པོས་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་སྔ་དྲོ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་ཨ་རིའི་ཅིའུ་ཅིན་ཧྲན་གྱི་མོ་སི་ཁོའོ་ཉི་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ། འགོ་བརྗོད་དུ《ཐོག་མའི་བསམ་འདུན་བརྟན་སྲུང་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྤུས་ཚད་མཐོ་པོས་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་དུས་བཀག་ཚོགས་འདུའི་ལམ་སྲོལ་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་དེ། ས་ཁོངས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དང་། དཔལ་འབྱོར་ལག་རྩལ་འཕེལ་རྒྱས། དངོས་ཟོག་དང་མི་སྣ་འཁོར་རྒྱུག་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བྱས་རྗེས་ངོ་མཚར་ཅན”བཏོད་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་པས། གོ་ལ་ཧྲིལ་པོའི་འཕར་བའི་སྒུལ་ཤུགས་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་དུས་རབས་ཀྱི་འགན་འཁྲི་སྔར་ལས་ཆེ་བ་ཕྲག་ཏུ་འཁུར་བཞིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འགོ་ཁྲིད་པ་ཡིན་པའི་ང་ཚོས་བསམ་གཞིག་གཏིང་ཟབ་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གང་འདྲ་ཞིག་ཡོང་ཐབས་བྱེད་དགོས་སམ། ཇི་ལྟར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི“རྫོགས་ལྡན་ལོ་ངོ་སུམ་ཅུ”རྗེས་མ་དེ་གཏོད་དགོས་སམ། འཕེལ་རིམ་དེའི་ནང་ཇི་ལྟར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་སམ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་འགན་འཁུར་བའི་སྒོ་ནས་དུས་རབས་ཀྱི་འབོད་སྒྲར་ལན་སློག་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། པུའུ་ཐེ་ལ་ཅ་ཡའི་བསམ་འདུན་ཁྱོན་ཡོངས་ནས་དོན་འཁྱོལ། སྒོ་དབྱེ་དང་། གསོན་ཤུགས་འཕེལ་བ། ངར་ཤུགས་ལྡན་པ། ཞི་བདེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་དང་བུ་རབས་ཚ་རྒྱུད་ཐུན་མོང་དར་རྒྱས་ཡོང་བར་བྱེད་དགོས།
དང་པོ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མཐའ་འཁྱོངས་གཏོང་དགོས། ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་ཧུར་ཐག་བཏང་སྟེ་ལག་གདང་སྦྲེལ་ནས་སྒོ་དབྱེ་དང་། འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དགོས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་བ། གྲངས་གཞི་ཆེན་པོ་དང་། སྤྲིན་རྩིས། མིས་བཟོས་རིག་ནུས། རྡུལ་རྩིས་སོགས་ལག་རྩལ་གསར་པ་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པའི་ལེགས་ཆ་ཟམ་མི་ཆད་པར་གཏོད་དགོས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་དང་། ཁེ་ལས་ཀྱི་གྲངས་འཛིན་ཐོབ་ཐང་། གྲངས་འཛིན་ལག་རྩལ་སྤྱད་དེ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་འགོ་བཏོན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་དེ་བས་ལེགས་པ་འདོན་དགོས།
གཉིས་པ། སྒོ་དབྱེའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས། རང་མོས་སྒོ་དབྱེའི་ཚོང་དོན་མ་དངུལ་ལ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་དང་། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་། གོ་མཚོན་ཅན། བདེ་འཇགས་ཅན་བཅས་ལ་ངོ་རྒོལ་བྱེད་དགོས།
བློ་བརྟན་འགྱུར་མེད་ངང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པར་སྒུལ་ཤུགས་གསར་པ་བསྣན་ཡོད།
གསུམ་པ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་དང་ཐཱན་ཉུང་ལ་གཞན་སྒྱུར་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལྗང་མདོག་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་མཐའ་འཁྱོངས་བསྐྱོད་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་ཞིང་ལས་དང་། རྒྱུན་མཐུད་ཆོག་པའི་གྲོང་ཁྱེར། ནུས་རྒྱུ་ཐཱན་ཉུང་ཕྱོགས་སྒྱུར། རྒྱ་མཚོའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་མཉམ་ལས་གྲོས་འགོ་བཏོན་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་མཉམ་དུ་སྐྲུན་པར་སྐུལ་འདེད་བཏང་ཡོད།
བཞི་པ། ཀུན་ཕན་མཉམ་སྤྱོད་མཐའ་འཁྱོངས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་གནད་དོན་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཏུ་ཡང་བསྐྱར་འཇོག་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་བ་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཚལ་ཡིག་མཉམ་དུ་ཐག་གཅོད་བཅས་བྱེད་དགོས། ཕྱོགས་ཁག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཧུར་ཐག་ཞུགས་པར་དགའ་བསུ་ཞུས་ནས་དབུལ་པོ་ཉུང་དུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས། བཟོ་ལས་ཅན། འཕེལ་རྒྱས་མ་དངུལ་གྲབས་གསོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་བསྐྲུན་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་དཔལ་འབྱོར་གྱི་ལག་རྩལ་མཉམ་ལས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་མཐའ་འཁྱོངས་སྐྱོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་པ་སྐྲུན་གྱི་ཡིན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སླད་མའི“རྫོགས་ལྡན་ལོ་ངོ་སུམ་ཅུ”གཏོད་འདོད་ཡོད།