ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ་ཡིག་ཐོག་གཏམ་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིའུ་ཅིན་ཧྲན་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ《སེམས་ནུས་གཅིག་སྒྲིལ་གྱིས་འགྲན་སློང་མཉམ་དུ་བསུས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཐོག་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་30ཡི་གོང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འགོ་ཁྲིད་པས་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མགྱོགས་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་འཕར་སའི་ལྟེ་གནས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བརྟན་ལྷིང་གི་འགག་རྩར་འགྱུར་བར་རམ་འདེགས་བྱས་ཡོད། ལོ་30ཡི་རིང་ང་ཚོས་སྒོ་དབྱེའི་ས་ཁོངས་རིང་ལུགས་མཐའ་འཁྱོངས་ཀྱིས་སྒོ་དབྱེ་བསྟུན་མཁས་དང་། དགེ་སྤེལ་སྐྱོན་སྤངས། ཕན་ཚུན་སྤེལ་རེས། འཕེལ་རྒྱས་ལ་དམིགས་པ་བཅས་བྱས་ནས་རང་བརྟེན་རང་མོས་དང་། གྲོས་མོལ་གཅིག་མཐུན། གོམ་པ་རིམ་བགྲོད་བཅས་ཀྱི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བྱེད་ཐབས”བཏོད་དེ་བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕྱར་བ་གྲུ་འདེགས་བཅས་ཀྱི་རོགས་ཟླའི་སྙིང་སྟོབས་དར་སྤེལ་བཏང་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལས་ང་ཚོར་གཏིང་ཟབ་པའི་བློ་སྒོ་མང་པོ་ཕྱེ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད་པས། ལོ་30རྗེས་མ་དེར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཕྱོགས་གང་དུ་འཕེལ་རྒྱས་གཏོང་མིན་དེ་ང་ཚོར་འཕྲད་པའི་དུས་རབས་ཀྱི་གནད་དོན་གསར་པ་ཞིག་ཏུ་གྱུར་ཡོད། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་གླེང་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པའི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འགྲོ་འོང་ཐབས་ལམ་མཐའ་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ནི་ས་འབྲེལ་འཐབ་འགྲན་བྱ་ཡུལ་ཞིག་ཏུ་འགྱུར་མི་རུང་ལ་འགྱུར་ཡང་མི་ཆོག་པ་དང་། “འཇམ་འཐབ་གསར་པ”དང་དཔུང་ཁག་གི་ཁ་གཏད་དུ་དེ་བས་ལངས་མི་རུང་། སྒོ་དབྱེའི་ས་ཁོངས་རིང་ལུགས་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་འགུལ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། མཉམ་ལས་གཉིས་ཕན་གྱི་སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་གཏོད་དགོས། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྒོ་དབྱེ་དང་། འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་སུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་གྱི་ལེགས་ཆ་དང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་དགོས་མཁོའི་ལེགས་ཆ། ཐོན་ལས་མ་ལག་ཆ་ཚང་བའི་མཁོ་སྤྲོད་ཀྱི་ལེགས་ཆ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ཁེ་ལས་མཁས་ཅན་འབོར་ཆེན་གྱི་ཤེས་ལྡན་པའི་ལེགས་ཆ་བཅས་ལྡན་པས་དཔལ་འབྱོར་འཕེལ་རྒྱས་ལ་ནང་སྐྱེས་ཀྱི་སྒུལ་ཤུགས་དང་། མཉེན་ཤུགས། མི་མངོན་པའི་སྟོབས་ཤུགས་བཅས་ཆེན་པོ་ལྡན་ཡོད། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་ལ་འགྲོ་ཡང་མི་སྲིད། ང་ཚོར་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་མངོན་འགྱུར་ཡོང་བའི་གདེང་ཚོད་ཡོད་ལ་དེ་བས་ནུས་པའང་ཡོད་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་གསར་པ་ལས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུ་རེད། ཀྲུང་གོས་སྒོ་མོ་རྒྱ་ཆེར་ཕྱེ་ནས་འཛུགས་སྐྲུན་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་སྟེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ། ཕྱོགས་རིས་མེད་པའི་སྒོ་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྤུས་ལེགས་ཞབས་འདེགས་ཞུ་བའི་སྲིད་ཇུས་ལའང་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང་། དེ་འཛམ་གླིང་གི་ངོས་ནས་བཤད་ན་སྔར་བས་རྒྱ་ཆེ་བའི་ཁྲོམ་ར་དང་སྔར་ན་མེད་པའི་མཉམ་ལས་ཀྱི་གོ་སྐབས་གཏོད་པ་མཚོན་ཡོད་ལ། འཛམ་གླིང་གི་དེང་རབས་ཅན་ལའང་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་ཆེན་པོ་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་གི་ཡིན།