དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-19

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར། ཅིའུ་ཅིན་ཧྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕེ་རུའི་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་པས་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་བརྟན་པོ་བྱུང་བ་དང་། ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དར་རྒྱས་ལ་སྐུལ་མ་ཐེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཡོད། འདི་ལོ་ནི་ཀྲུང་ཕེའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ། ཕ་རོལ་པོའི་རྒྱལ་ཁབ་རང་ངོས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་གཏེར་ཐོན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིད་བཅས་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་དགོས། ཕེ་རུའི་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ནང་འདྲེན་བྱེད་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་ཁྲོམ་ར་ཅན་གྱི་རྩ་དོན་གཞིར་བཟུང་ཕེ་རུའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་ལྕག་བྱེད་འདོད་ཡོད། ཀྲུང་གོ་དང་ཕེ་རུ་གཉིས་ཀར་འོད་སྟོང་འཕྲོ་བའི་ཤེས་དཔལ་དང་གཏིང་ཟབ་པའི་རིག་གནས་ཡོད་པས་ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར། ཚན་རྩལ། གཞོན་ནུའི་སྤེལ་རེས་སོགས་ཀྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མིག་དཔེར་འགྱུར་བ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད། ཕེ་རུ་ཡིས་2024ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཕེ་རུ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཟབ་ཏུ་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་སླར་གསོ་དང་ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

    པོ་ལུའུ་ཨར་ཐེ་ཡིས་གསུངས་དོན། ཕེ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་མཐའ་འཁྱོངས་བྱས་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལམ་སྲོལ་གྱི་ནུས་པ་དེ་བས་གང་ལེགས་བཏོན་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་འགྲོ་བའི་རེ་བ་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་ཞུགས་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།