ཚོང་ལས་དར་ཞིང་རྒྱས། གསོན་ཤུགས་རབ་ཏུ་འཕེལ།
“ཤིན་བོད་གཞུང་ལམ་གྱི་ས་ཚིགས་དང་པོ”རུ་ཐོག་རྫོང་རྡོ་དམར་ཤང་དུ་བསྐྱོད་པ།
འདི་ནི་རྡོ་དམར་ཤང་གི་ཚོང་དུད་ལིའུ་ཧྲེ་ཕུང(གཡོན)གྱིས་ཚོང་རྩིས་རྒྱག་བཞིན་པ།
ཤིན་བོད་ལམ་རྒྱུད་ནས་བོད་དུ་ཡོང་སའི་ཤང་དང་པོ་ཡིན་པའི་མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་ལ“ཤིན་བོད་གཞུང་ལམ་གྱི་ས་ཚིགས་དང་པོ”ཞེས་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མི་འགྲུལ་དང་། ཟོག་འགྲེམས། མ་དངུལ་འཁོར་རྒྱུག་བཅས་ཡག་པོ་ཡོད། ས་བབ་ཀྱི་ལེགས་ཆར་བརྟེན་ནས་རྡོ་དམར་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚོས་བབ་བསྟུན་འཕྲལ་སྒྲུབ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་ཐག་རིང་ལུང་ཁུག་ཏུ་གནས་པའི“རྡོ་དམར་ས་ཚིགས”དེ་སྡོད་གནས་དང་། སྤྱི་པའི་ཞབས་ཞུ། ཚོང་དོན་ཟོག་འགྲེམས། ཡུལ་སྐོར་ཞབས་ཞུ་སོགས་ནུས་པ་གཅིག་ཏུ་འདུས་པའི་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཞིག་ཏུ་བསྐྲུན་ནས་འཁྲུག་ཆ་དོད་པའི་ཐོན་ལས་ཀྱི་འོད་ཟེར་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་མི་རྣམས་ཀྱི་འཚོ་བར་འཕྲོ་བཞིན་མཆིས།
ཁྱད་ལྡན་གྲོང་རྡལ་ཆུང་ངུར་རྣམ་པ་གསར་པ་མངོན་པ།
“དེ་གར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག ལྷག་པར་དུ་ཉེ་བའི་ལོ་བཅུའི་ནང་། ཧ་ལམ་ལོ་རེར་འགྱུར་ལྡོག་རེ་འགྲོ་བཞིན་འདུག ཐོག་མར་ཐག་རིང་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས། རྡོ་དམར་ཤང་གི་ཁང་པ་མང་ཆེ་བ་སོ་ཕག་གི་ཁང་པ་རེད། ངལ་གསོ་རྒྱག་རིམ་བཞིན་དངོས་ཟོག་མང་པོ་ཞིག་མཁོ་སྤྲོད་མི་ཐུབ་པ་མ་ཟད། ཞག་སྡོད་བྱེད་ས་ཡང་འཚོལ་ཁག་པོ་ཡོད་པས། རྟག་ཏུ་རླངས་འཁོར་ནང་ཉལ་རྒྱུ་ལས་མ་འདས། ད་ཆ་ཁ་ལག་དང་། ཞག་སྡོད། མཁོ་སྤྲོད། ཉམས་བཟོ་བཅས་ཚང་མ་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བསྟན་འཛིན་གྱིས་བརྗོད། བསྟན་འཛིན་ནི་ཐག་རིང་ཟོག་འདྲེན་ཁ་ལོ་བ་ཞིག་ཡིན་པ་དང་འདི་ལོ་ལོ་42ལ་སླེབས་པའི་ཁོང་གིས་ཤིན་བོད་ལམ་དུ་རླངས་འཁོར་བཏང་སྟེ་ལོ་14ཏག་ཏག་སྐྱེལ་འདྲེན་ལས་ལ་གཞོལ།
བསྟན་འཛིན་གྱིས་བདེན་དཔང་བྱས་པ་ལྟར་རྡོ་དམར་ཤང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཞིང་། དུས་རབས་འདིའི་དུས་འགོར་གཞུང་ལམ་གྱི་རྒྱུད་དུ་ས་རྡོའི་ཁང་པ་ལས་མེད། 2008ལོ་ནས་བཟུང་རྣམ་གྲངས་ཁག་གཅིག་ལག་ལེན་སྟར་འགོ་ཚུགས་པ་དང་བསྟུན་ནས་དེ་གར་ཕྱོགས་མི་ཡང་མང་དུ་ཕྱིན་པ་དང་། 2011ལོར་མངའ་རིས་ས་ཁུལ་གྱིས་རྡོ་དམར་ཤང་ས་ཁུལ་རིམ་པའི་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་སུ་བཅུག་ནས་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། 2016ལོར་རྡོ་དམར་ཤང་ལྗོངས་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་ཁག་དང་པོ་20ཡི་ནང་དུ་བཅུག་ནས་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་སྐྲུན་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད།
རྡོ་དམར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་ཨོ་རྒྱན་གྱིས“ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་ནས་ཤར་རྒྱུད་ཡུལ་སྐོར་ཞབས་ཞུ་ཁུལ་དང་། དབུས་རྒྱུད་སྤྱི་པའི་ཞབས་ཞུ་ཁུལ། ནུབ་རྒྱུད་གནས་སྡོད་ཁུལ། བྱང་རྒྱུད་བཟོ་ཚོང་ཟོག་འགྲེམས་ཁུལ་བཅས་ནུས་པ་ཆེན་པོ་བཞིའི་ས་ཁོངས་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཞིང་། མིག་སྔར་ཆུ་ཀ་ལའི་མདོང་དྲའི་ལས་གྲྭ་དང་། ས་བབ་མཐོ་བའི་དྲོད་རླངས་མཁོ་འདོན་ལས་གྲྭ མཛེས་བཟོའི་ཨར་འདམ་ལས་གྲྭ་སོགས་བསྐྲུན་ཟིན་པ་དང་། བསྐྲུན་མ་ཐག་པའི་གཞི་གཅིག་ཅན་གྱི་སྨན་ཁང་དང་གད་སྙིགས་སྦས་ས་ཕྱི་ལོར་བེད་སྤྱོད་བྱེད་རྩིས་ཡོད་པ། བསྐྲུན་མ་ཐག་པའི་རྡོ་དམར་ཤང་གི་ཚོང་ལས་ཁྲོམ་གཞུང་དུ་ཡང་ཚོང་པ་དང་མ་རྩ་འདྲེན་འགུགས་བྱེད་བཞིན་ཡོད་ཅེས་གསར་འགོད་པར་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། ཚོང་ལས་ཁྲོམ་གཞུང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.1བཏང་ནས་ཐོག་ཁང་7དང་དེ་བཞིན་ཞོར་གཏོགས་རྐང་ཐང་ཁྲོམ་གཞུང་དང་། རིག་གནས་ཐང་ཆེན། ཆུ་རགས་སོགས་བསྐྲུན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.1ཟིན་པའི་ཚོང་ཁང་བརྒྱ་ཙམ་ཡོད་པ་རེད།
ང་ཚོའི་ཤང་ནི་ཤིན་བོད་ལམ་རྒྱུད་ཀྱི་ལྷུ་ཚིགས་གལ་ཆེན་དུ་གནས་པས་འགྲོ་འོང་བྱེད་མཁན་རླངས་འཁོར་དང་ཡུལ་སྐོར་བ་མང་པོ་ཡོད། འདི་ལོའི་དབྱར་དུས་སུ་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཁོ་ན་ཉིན་ལྟར་འགྲོ་འོང་བྱེད་ཚད་200ཡན་ཟིན་ནས་ལྟོ་ཆས་ཟ་མཁན་དང་ཞག་སྡོད་བྱེད་མཁན་མང་དུ་ཕྱིན་ཡོད་ཅེས་བསྟན་འཛིན་ཨོ་རྒྱན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད། ཁོང་གིས་ཚོང་ལས་ཁྲོམ་གཞུང་ཕྱོགས་ཡོངས་ནས་གཉེར་སྐྱོང་བྱས་ཏེ་རྡོ་དམར་ཤང་གི་སྣེ་ལེན་ནུས་པ་ཆེ་རུ་བཏང་ནས“ཤིན་བོད་གཞུང་ལམ་གྱི་ས་ཚིགས་དང་པོའི”སྤུས་རྟགས་དེ་བས་མངོན་གསལ་དོད་དུ་ཕྱིན་ཚེ་ཤང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་ངེས་རེད་ཅེས་བརྗོད།
ཚོང་ལས་དར་ཞིང་འཚོ་བ་བདེ་ལ་འཁོད།
ཐབ་ཚང་ནས་སྣུམ་གྱི་དུ་བ་ལང་ལོང་དུ་འཕྱུར་ཞིང་། ཚལ་གྲ་སྒྲིག་དང་། སྣུམ་ཚ་པོ་བཟོ་བ། ཚལ་རྔོ་བ་ལ་སོགས་མགྲོན་པོ་ཇི་ཙམ་མང་ཡང་གཅེན་མོ་ཧྥན་གྱིས་འཚབ་འཚུབ་མེད་པར་མགྱོགས་མྱུར་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་བཙོས་ཤ་བརྔོས་མ་སོགས་ཚལ་རིགས་མང་པོ་ཞིག་སྒྲོག་ཙེའི་སྟེང་དུ་བཤམས།
གཅེན་མོ་ཧྥན་གྱི་བཟའ་ཟླ་ཀྲུའོ་ཅི་ཧྭ་ཡིས་གསར་འགོད་པར་ཁོ་ཚོའི་གཏམ་རྒྱུད་བརྗོད་འགོ་ཚུགས། ལོ་ཤས་གོང་གཉེར་སྐྱོང་ཡག་པོ་མ་བྱུང་བའི་དབང་གིས་ཕ་ཡུལ་སི་ཁྲོན་ཙེ་ཀུང་ནས་ཡིན་པའི་ཀྲུའོ་ཅི་ཧྭ་ལ་བུ་ལོན་མང་པོ་ཟུག་པ་དང་། 2016ལོར་ཕ་ཡུལ་གཅིག་པ་ཞིག་གིས་ངོ་སྤྲོད་བྱས་པ་བརྒྱུད། ཀྲུའོ་ཅི་ཧྭ་ཡི་ནང་མི་རྣམས་འདི་གར་གླ་པར་སླེབས། སྐབས་དེ་དུས་རྡོ་དམར་ཤང་དུ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་འགོ་ཚུགས་ནས་གང་སར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། ཀྲུའོ་ཅི་ཧྭ་ཡིས་དེ་གར་སྔོ་ཚལ་དཀོན་པ་དང་འགྲོ་སྐྱོད་བྱེད་མཁན་མང་བས་ཚལ་བཙོངས་ན་ཚོང་ཡག་པོ་ཡོང་ངེས་ཡིན་པ་ཤེས།
ང་ཚོས་ཚལ་རིགས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་ཡིན། རྡོ་དམར་ཤང་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་ང་ཚོའི་ཚོང་ཡང་ཡག་ཏུ་ཕྱིན་པ་དང་བསྟུན་ནས་ངས་ཚལ་རིགས་ཚོང་ཁང་ཟ་ཁང་དུ་བསྒྱུར་བ་དང་། ཟ་ཁང་མགྲོན་ཁང་ལ་བསྒྱུར་བ་མ་ཟད། ཟ་ཁང་སླར་ཡང་ཟ་ཁང་དང་ཞག་སྡོད་བྱེད་ས་གཅིག་ལྕོགས་ལ་རྒྱ་ཆེར་བཏང་བ་ཡིན། ང་ཚོས་ཤང་སྲིད་གཞུང་དང་གྲོས་མོལ་བྱས་ཏེ་རྡོ་དམར་ཤང་གི་སྒེར་འཁོར་མཉམ་ལས་ཁང་མཉམ་དུ་གཉེར་བ་ཡིན་ཞེས་ལས་གཏོད་ཀྱི་ལོ་རྒྱུས་སྐོར་གླེང་སྐབས་ཀྲུའོ་ཅི་ཧྭ་ཡིས་མྱོང་ཚོར་ཟབ་མོས་བརྗོད། རྡོ་དམར་ཤང་དུ་ལོ་འདི་དག་རིང་ས་གནས་འདི་གའི་སྲིད་གཞུང་དང་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་ཐོབ་བྱུང་། དེར་བརྟེན་རྡོ་དམར་དུ་གཞི་ཚུགས་ནས་ཡུལ་མི་ཚོར་དྲིན་ལན་མཐའ་འཁྱོངས་འཇལ་ནས་ལོ་གཉིས་གོང་ངས་བུ་ཡང་འདི་གར་འབོད་པ་ཡིན་ཞེས་ཀྲུའོ་ཅེ་ཧྭ་ཡིས་བརྗོད།
ཀྲུའོ་ཅི་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6པ་ནས་9པ་བར་ནི་རྡོ་དམར་ཤང་དུ་འཁྲུག་ཆ་དོད་ཤོས་ཀྱི་དུས་ཚིགས་ཤིག་རེད། དེའི་རིང་ཁོ་ཚོའི་ཉིན་རེའི་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་2000ཟིན་གྱི་ཡོད།
མིག་སྔར་རྡོ་དམར་ཤང་དུ་མགྲོན་ཁང་8དང་། གསོལ་མགྲོན་ཁང་20ལྷག་ཙམ། སྒོ་རྩིས་ཚོང་ཁང་དང་བརྒྱ་ཟོག་ཚོང་ཁང་15ཙམ་ཡོད། ཚོང་ལས་དར་རྒྱས་ཕྱིན་པས་ས་གནས་དེ་གའི་འབྲོག་པའི་འཚོ་བར་འགྱུར་ལྡོག་ཕྱིན་ཡོད། ལོ་26ལ་སླེབས་པའི་བསོད་ནམས་བདེ་སྐྱིད་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ལུག་རྫི་མ་བྱས་པར་ཚོང་ཁང་ཆུང་ཆུང་ཞིག་ཟིན་པ་དང་། ཁོང་གི་བཟའ་ཟླ་ནི་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཀུང་སི་རྡོ་དམར་ཤང་ཞབས་ཞུའི་ས་ཚིགས་ཀྱི་ལས་གཉེར་བ་ཡིན་པས་ཁོ་ཚོའི་འཚོ་བ་སྐྱིད་ལ་བདེ་སྐྱིད་ལྡན་པ་ཞིག་ཡོད།
བསོད་ནམས་བདེ་སྐྱིད་ཀྱིས་གསར་འགོད་པར། གྲོང་ཚོའི་མི་མང་པོ་ཞིག་ཤང་ནས་ཐོན་མི་དགོས་པར་ལས་ཀ་རག་གི་ཡོད་པ་དང་། ཇ་ཁང་གཉེར་བ་དང་། སྐྱེལ་འདྲེན་གྱི་ལས་ལ་གཞོལ་བ། ཞབས་ཞུ་བ་དང་གླ་པ་རྒྱུག་པ་སོགས་བྱེད་ཀྱི་ཡོད། ད་ཆ་རྡོ་དམར་འཕེལ་རྒྱས་ཕྱིན་ནས་གོ་སྐབས་ཧ་ཅང་མང་པོ་ཡོད། དཀའ་སྡུག་ལ་མ་སྐྲག་ན་ཕྱུག་འགྱུར་ཐུབ་ངེས་རེད་ཅེས་བརྗོད།
ཐོན་ལས་འཕེལ་རྒྱས་ལ་གཏིང་ཤུགས་ཆེན་པོ་ལྡན་པ།
འདི་ལོ་ལོ་56ལ་སླེབས་པའི་ཚེ་རིང་ཕུན་ཚོགས་ནི་རྡོ་དམར་ཤང་དབུས་བྱང་གྲོང་ཚོའི་གྲོང་མི་རེད། ལོ་བཅུའི་གོང་ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་འཁྲུལ་མེད་ཅིག་ཡིན་པ་དང་ད་ཆ་དབུས་བྱང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་རེད།
“མངའ་རིས་ས་ཁུལ་གྱིས་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་སྐབས་སྡོང་ཕྲུག་གི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། ཡོང་འབབ་གསོག་པའི་གོ་སྐབས་ཤིག་མཐོང་ནས་ངས་ཤིང་འདེབས་སྟངས་སྦྱོང་འགོ་ཚུགས་པ་ཡིན། རྗེས་སུ་གྲོང་ཚོར་ས་ཞིང་མུའུ་12འགན་གཙང་བླངས་ནས་དཔལ་མགོན་གྱི་སྦྱར་པ་སོགས་སྡོང་ཕྲུག་བཏབ་པ་ཡིན” ཚེ་རིང་ཕུན་ཚོགས་ཀྱིས། བཏབ་ནས་ལོ་གསུམ་སོང་བའི་དཔལ་མགོན་གྱི་སྦྱར་སྡོང་གཅིག་ལ་སྒོར་20རག་གི་འདུག འདི་ལོ་ངས་སྡོང་ཕྲུག་ཁོ་ན་བཙོངས་པར་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་རག་བྱུང་ཞེས་བརྗོད།
རྡོ་དམར་ཤང་དབུས་བྱང་གྲོང་ཚོར་ཚེ་རིང་ཕུན་ཚོགས་དང་འདྲ་བར་ཐོན་ལས་འཕེལ་རྒྱས་ལ་ཞུགས་ནས་ཡོང་འབབ་བརྟན་པོ་ཡོད་པའི་ཁྱིམ་ཚང་མང་པོ་ཞིག་ཡོད། གྲོང་ཚོ་དེའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་སྲིད་མཆོག་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོས་དབུས་བྱང་གྲོང་ཚོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་229ཡི་མི་951ཚང་མ་མ་རྐང་ལ་ཞུགས་ནས་ཁུལ་ལྡན་ར་དཀར་པོ་དང་། འབྲི་གཡག་གསོ་ཚགས། ཐོན་རྫས་ལས་སྣོན་བཅས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། བྱེ་ར་དང་རྩམ་པ་ལས་སྣོན་བཟོ་གྲྭ་སོགས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད།
2021ལོར་མཉམ་ལས་ཁང་ནས་དུད་ཚང་རེར་ཆ་སྙོམས་ཁེ་འབབ་སྒོར་4000བགོས་པ་དང་ན་ནིང་ང་ཚོས་སླར་ཡང་བྱེ་ར་གསར་པ་ཞིག་ལ་མ་རྩ་བཏང་བས་འདི་ལོ་ཕན་འབྲས་ཐོན་ནས་ལོ་མཇུག་ཏུ་མུ་མཐུད་བགོ་འགྲེམས་རྒྱག་གི་ཡིན་ཞེས་ཚེ་རིང་སྲིད་མཆོག་གིས་བརྗོད་པ་དང་། ཁོང་གིས་གསར་འགོད་པར། གྲོང་མིའི་ཕྱུགས་རིགས་གཅིག་སྡུད་གསོ་ཚགས་བྱས་རྗེས་ངལ་ནུས་ལྷག་མ་ཚོང་ཁང་དང་ཇ་ཁང་གཉེར་སྐྱོང་དང་། སྐྱེལ་འདྲེན་དང་། ལས་གྲྭ་འཛུགས་སྐྲུན། སྡོང་ཕྲུག་ར་བ་སོགས་གཉེར་སྐྱོང་ལ་ཞུགས་ནས་དུད་ཚང་ཚང་མར་ཡོང་འབབ་བརྟན་པོ་བྱུང་ཡོད། 2022ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་20800ཟིན་གྱི་ཡོད་ཅེས་བརྗོད།
རྒྱལ་ལམ་219ཡི་འགག་རྩའི་ལྷུ་ཚིགས་ཤིག་གི་ངོས་ནས། རྡོ་དམར་ཤང་དུ་དཔལ་འབྱོར་འཁྲུག་ཆ་དོད་པ་དང་འགྲོ་སྐྱོད་བྱེད་མཁན་མི་དང་རླབས་འཁོར་གྱིས་ཁེངས་པ་དེས་མི་འགྲུལ་དང་ཟོག་འགྲུལ་ཙམ་མ་ཟད། ད་དུང་དངུལ་འགྲུལ་དང་འཕྲིན་འགྲུལ་མང་དུ་ཕྱིན་པ་དང་། འགྱུར་ལྡོག་བྱུང་བ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཙམ་མ་ཡིན་པར་དེ་བས་གལ་འགངས་ཆེ་བ་ཞིག་ནི་མང་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་ཕྱིན་པ་དེ་རེད། ས་མཐོའི་ནུབ་བྱང་མཚམས་ཀྱི་ཤང་གྲོང་འདིས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འབྱུང་འགྱུར་བསུ་བཞིན་མཆིས།
འདི་ག་ཚགས་པར་གྱི་མངའ་རིས་བཅར་འདྲི་ཚོགས་ཆུང་གིས།