དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲ་ཡི་དུས་བབ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-18

    ཚེས་15ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2712ལ་གྲོས་འཆམ་བྱས་ནས་ཅ་ཧྲ་ས་ཁུལ་ཡོངས་སུ་ཛ་དྲག་གི་མི་ཆོས་རིང་ལུགས་སྤེལ་མཚམས་འཇོག་པ་དང་། མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བསྐྲུན་རྒྱུའི་འབོད་སྐུལ་བྱས་ཡོད། དེ་ནི་ཟླ་10ཚེས་7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རེས་སྐོར་གསར་པའི་གདོང་ཐུག་བྱུང་ཚུན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱེད་ཐེངས་ཐོག་མ་དེ་རེད།

    གྲོས་ཆོད་ནང་། ཅ་ཧྲ་ས་ཁུལ་ཡོངས་སུ་ཛ་དྲག་གི“ཉིན་གྲངས་འདང་ངེས”ཀྱི་དུས་ཡུན་རིང་པོའི་མི་ཆོས་རིང་ལུགས་གནས་སྐབས་མཚམས་འཇོག་པ་དང་འབྲེལ་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བསྐྲུན་ནས་མི་ཆོས་རིང་ལུགས་ཀྱི་ཆོག་འཐུས་འགན་ལེན་དང་། ཅ་ཧྲ་ས་ཁུལ་ཡོངས་སུ་འཐུང་ཆུ་དང་། གློག་ཤུགས། འབུད་ཤིང་། བཟའ་བཅའ། སྨན་བཅོས་དངོས་རྫས་བཅས་ཚུད་པའི་དེ་བས་སྟབས་བདེའི་གཞི་རྩའི་དངོས་ཟོག་དང་ཞབས་ཞུ་མཁོ་འདོན། ལྟེ་བའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་ཡོང་བར་སྐུལ་འདེད། གཏོར་སྐྱོན་ཕོག་པའི་ཁང་པའི་ནང་ལུས་པའི་བྱིས་པ་དང་། བྱིས་པ་རྨས་མ། དེ་བཞིན་ལྟ་སྐྱོང་བྱེད་མཁན་བཅས་འཚོལ་བའི་སྨན་བཅོས་རྒྱབ་རོགས་ཚུད་པའི་ཛ་དྲག་རོགས་སྐྱོབ་དང་ལས་ཀ་སླར་གསོ་འགན་ལེན་བཅས་བྱེད་རྒྱུའི་འབོད་སྐུལ་བྱས་ཡོད།

    གྲོས་ཆོད་ནང་། ཕྱོགས་ཁག་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འོས་འགན་དང་། ལྷག་པར་དུ་མི་སེར་ལ་སྲུང་སྐྱོབ་དང་བྱིས་པ་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་དོན་ཚན་ལ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་ཡོད། གྲོས་ཆོད་ནང་། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་གྱི་འགོག་རྒོལ་ལས་འགུལ(ཧ་མ་སི)དང་རྩ་འཛུགས་གཞན་དག་གིས་བཀག་ཉར་བྱས་པའི་མི་གཏའ་ཆ་རྐྱེན་མེད་པར་འཕྲལ་མར་གློད་དགོས་པའི་སྐུལ་འདེབས་བྱས་ཡོད། གྲོས་ཆོད་ནང་ད་དུང་ཕྱོགས་ཁག་ལ་ཅ་ཧྲ་མི་སེར་གྱི་འཚོ་རྟེན་གྱི་གཞི་རྩའི་ཞབས་ཞུ་དང་མི་ཆོས་རོགས་སྐྱོར་འཕྲོག་མི་རུང་བའི་སྐུལ་འདེབས་བྱས་ཡོད།

    གྲོས་ཆོད་དེ་མར་ཐ་ཡིས་འཆར་ཟིན་བཀོད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་15ཡི་ཁྲོད་ནས་ཁོངས་མི་12ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཨ་རི་དང་། དབྱིན་ཇི། ཨུ་རུ་སུ་བཅས་ཀྱིས་དབང་དོར་འདེམས་ཤོག་འཕངས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་མ་བཅད་གོང་། ཨུ་རུ་སུས་གྲོས་ཆོད་འཆར་ཟིན་ལ་ངག་ཐོག་གི་བཟོ་བཅོས་འཆར་ཟིན་བཏོན་ནས་ཡུན་རིང་དང་རྒྱུན་མཐུད་ཀྱི་མི་ཆོས་རིང་ལུགས་ཀྱི་ཐོག་ནས་དམག་མཚམས་འཕྲལ་མར་བཞག་སྟེ་དགྲ་ཟླར་འཛིན་པའི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད། ཨུ་རུ་སུའི་བཟོ་བཅོས་འཆར་ཟིན་ལ་མོས་མཐུན་ཡོད་པའི་འདེམས་ཤོག་འདང་ངེས་ཐོབ་མེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།