ཞི་ཅིན་ཕིང་གིས་ཧྲན་ཤིས་ལུའེ་ལེང་གྲོང་ཁྱེར་ཡུང་ཅུས་རྡོ་སོལ་གཏེར་ཁའི་གཞུང་ལས་ཐོག་ཁང་ཞིག་ལ་མེ་སྐྱོན་གྱི་ལས་འཛོལ་ཐོན་པར་མཛུབ་སྟོན་གལ་ཆེན་གནང་བ།
ཟླ་11ཚེས་16ཉིན་གྱི་ཆུ་ཚོད་7པ་ཙམ་ལ་ཧྲན་ཤིས་ལུའེ་ལེང་གྲོང་ཁྱེར་ཡུང་ཅུས་རྡོ་སོལ་གཏེར་ཁའི་གཞུང་ལས་ཐོག་ཁང་ཞིག་ལ་མེ་སྐྱོན་ཐོན་པ་རེད། མིག་སྔའི་བར་ལས་འཛོལ་དེར་མི་26རྐྱེན་ལམ་དུ་ཤོར་བ་དང་མི་38ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ལས་འཛོལ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཕྱི་རྒྱལ་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཧྲན་ཤིས་ལུའེ་ལེང་གྲོང་ཁྱེར་ཡུང་ཅུས་རྡོ་སོལ་གཏེར་ཁའི་གཞུང་ལས་ཐོག་ཁང་ཞིག་ལ་མེ་སྐྱོན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བས་བསླབ་བྱ་ཆེན་པོ་ཐེབས་ཡོད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་། རྐྱེན་ལམ་དུ་ཤོར་བར་རྗེས་འཇུག་དང་རྨས་སྐྱོན་ཕོག་པ་དང་དེ་བཞིན་ཁོང་ཚོའི་ནང་མིར་སེམས་གསོའི་ལས་དོན་ཡག་པོ་སྒྲུབ་པ། ལས་འཛོལ་ཐོན་རྐྱེན་གང་མགྱོགས་རྩད་ཆོད་ཐུབ་པ་བཅས་བྱས་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ད་ཐེངས་ཀྱི་མེ་སྐྱོན་ལས་འཛོལ་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མཐའ་ཚད་འཛིན་སེམས་ལ་ཤུགས་སྣོན་རྒྱག་པ། དགུན་དུས་མེ་སྐྱོན་ལས་འཛོལ་ཐོན་སླ་བ་དང་ཐོན་མང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་ཟུར་བསྟན་ལེབ་མཐོང་གིས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་དང་དོགས་ཟོན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། དམིགས་བསལ་ཚབས་ཆེའི་ལས་འཛོལ་མ་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་སྟེ། དུས་ཚོད་དམ་འཛིན་གྱིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ། འབྲེལ་ཡོད་ཀྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་པ་དང་དུས་མཚུངས། ལས་འཛོལ་ཐོན་རྐྱེན་གང་མགྱོགས་རྩད་ཆོད་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས། ཟུར་བསྟན་ལེབ་མཐོང་གིས་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་སྔོན་འགོག་ཡག་པོ་བྱས་ནས་དམིགས་བསལ་ཚབས་ཆེའི་ལས་འཛོལ་མ་ཐོན་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས།