དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་དུ་གཉེར་བའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་ནས་གཏམ་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-18

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་དུ་གཉེར་བའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་དུ་གཉེར་བའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་དང་ཐོག་ཐེངས་འདིའི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་མཛའ་མཐུན་ཚོགས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཡུན་རིང་འབད་བརྩོན་བྱེད་མཁན་གྲོགས་པོ་ཨ་རི་བ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། མཛའ་མཐུན་གྱི་ཨ་རིའི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་འབྲེལ་བའི་རྩ་བ་ནི་མི་དམངས་ཀྱིས་བཏིངས་པ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་འཐབ་འཛིང་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་སྟག་མཆོང་རུ་ཁག་བརྗེད་མེད་ལ། ཨ་རི་མི་དམངས་ཀྱིས་སྲོག་ཉེན་ལ་མི་འཛེམ་པར་ཨ་རིའི་དམག་མི་སྐྱོབ་མཁན་ཀྲུང་གོའི་མི་དམངས་ཀྱང་བརྗེད་མེད། ཁྲག་དང་མེ་ལྕེ་བརྒྱུད་པའི་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད།

    ཀྲུང་ཨའི་འབྲེལ་བའི་སྒོ་མོ་ཆེན་པོ་ནི་མི་དམངས་ཀྱིས་ཕྱེ་ཡོད། རྒྱལ་ཁབ་གཉིས་པོ་སྔོན་ཆད་ལོ་22རིང་ཁ་གཏད་དུ་ལངས་རུང་ཐུན་མོང་གི་ཁེ་ཕན་ལས་ཀྲུང་ཨའི་དབར་གྱི་མི་མཐུན་པའི་ཆ་མཐའ་དག་སེལ་ཡོད་ལ་མི་དམངས་ཀྱི་བསམ་འདུན་བཟང་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཁྱགས་རོམ་གཏོར་ཡོད། ཀྲུང་ཨའི་འབྲེལ་བའི་རེ་བ་ནི་མི་དམངས་ལ་ཐུག་པ་དང་། རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་ན་གཞོན་ཚོར་ཐུག་པ། གསོན་ཤུགས་ས་གནས་ལ་ཐུག་ཡོད། ཨ་རིའི་ཀྲོའུ་ཀྲང་དང་གྲོས་མི་དེ་བས་མང་བ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་ཨ་རིའི་ལས་རིགས་ཁག་གི་མི་སྣ་ཀྲུང་གོར་ཕེབས་པར་དགའ་བསུ་ཞུ་གི་ཡིན།

    ཀྲུང་ཨའི་འབྲེལ་བའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བརྩམས་པ་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ཀྱི་ལམ་ལུགས། འཕེལ་རྒྱས་ཀྱི་ལམ་བུ་བཅས་མི་འདྲ་ཡང་མི་དམངས་ཚང་མ་སེམས་བཟང་མཛའ་མཐུན་དང་ལས་བརྩོན་དངོས་སྒྲུབ་བྱེད་མཁན་ཡིན་ཞིང་། ཚང་མས་མེས་རྒྱལ་ལ་དགའ་ཞེན་དང་། ཁྱིམ་ཚང་ལ་དགའ་ཞེན། འཚོ་བར་དགའ་ཞེན་བཅས་བྱེད་པ་མ་ཟད། ཚང་མར་ཚོར་སྣང་བཟང་པོ་དང་དགའ་སྣང་ལྡན་ཡོད། མི་དམངས་དབར་འགྲོ་འོང་བྱས་པ་ལས་ཀྲུང་ཨའི་འབྲེལ་བ་ཉམས་དམས་སུ་ཕྱིན་པ་ནས་ཡང་དག་པའི་འགྲོ་ལམ་ཐོག་སླར་ཡང་ལོག་ཐུབ་པ་བྱུང་ཡོད། ཀྲུང་ཨའི་འབྲེལ་བའི་སྒོ་མོ་ཕྱེ་ཚེ་སླར་ཡང་རྒྱག་མི་སྲིད་པ་ང་ལ་ཡིད་ཆེས་ཡོད།

    ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ནི་མི་དམངས་ཀྱིས་གཏོད་པ་ཞིག་རེད། དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མི་དམངས་ཀྱི་འབྲེལ་བ་དམ་དུ་གཏོང་བ་དང་མི་སེམས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་དང་། དེ་ཙམ་གྱིས་མི་དེ་བས་མང་བ་ཞིག་ཡར་ལངས་ནས་ཀྲུང་ཨའི་འབྲེལ་བར་སྐུལ་ལྕག་དང་འབོད་སྐུལ་བྱེད་དགོས། ང་ཚོས་མི་དམངས་དབར་འགྲོ་འོང་བྱེད་པའི་ཟམ་པ་དེ་བས་མང་བ་བསྐྲུན་པ་དང་འགྲོ་ལམ་དེ་བས་མང་བ་འདིང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དེ་བས་མང་བ་བཏོན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་མང་ཙམ་དང་སྤེལ་རེས་མང་ཙམ་བྱས་ནས་ཐུན་མོང་ཐོག་དུས་རབས་གསར་པའི་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་གཏམ་རྒྱུད་མུ་མཐུད་བརྩམ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་གིས། ང་ཚོ་འགྲན་རྩོད་དང་འགྱུར་ལྡོག་གིས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད་ལ། རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་ཡང་གནས་ཡོད། འཛམ་གླིང་གི་འབྱུང་འགྱུར་ལ་ཀྲུང་ཨའི་དབར་གྱི་མཉམ་ལས་དགོས། ཀྲུང་གོ་དང་ཨ་རིས་འབྲེལ་བ་བཙུགས་ནས་རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་མངོན་པ་དང་། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ། རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཕན་ཚུན་བརྩི་འཇོག་བྱེད་པ་ནི་མི་དང་མིའི་དབར་འབྲེལ་བ་བྱེད་པའི་གཞི་རྩའི་གུས་ལུགས་ཤིག་རེད་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་མཉམ་གནས་ཀྱི་མ་མཐའི་ཚད་གཞི་ཞིག་ཀྱང་རེད། ཀྲུང་གོས་ཨ་རིའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་དམངས་གཙོའི་ལམ་ལུགས་ལ་བརྩི་འཇོག་བྱེད་པ་དང་ཆབས་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལའང་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག ཀྲུང་ཨའི་འགྲོ་ལམ་གཉིས་མི་འདྲ་བ་ཡིན་མོད། འོན་ཀྱང་ཚང་མ་མི་དམངས་ཀྱི་གདམ་ག་ཡིན་པས། ཚང་མར་བརྩི་འཇོག་བྱེད་དགོས།

    ཞི་བདེ་མཉམ་གནས་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རེད་ལ། ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ངེས་པར་དུ་སྲུང་དགོས་པའི་མཐའ་ཚད་ཅིག་དེ་བས་རེད། ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་བྱེད་མཁན་གྱི་ཀྲུང་གོ་འཇིགས་སྣང་ལ་བརྩིས་ནས་ཁྱོད་ཕམ་ང་རྒྱལ་དང་ཁྱོད་དར་ང་རྒུད་ཀྱི་རྒྱལ་ཕམ་འཐབ་རྩོད་བྱེད་པ་ནི་ཁ་ཕྱོགས་འཛོལ་བ་ཞིག་རེད། ཀྲུང་གོས་ཨ་རི་ཕམ་འདོད་གཏན་ནས་བྱེད་ཀྱི་མེད་ལ། ཨ་རིའི་ནང་སྲིད་ལའང་ཐེ་ཇུས་གཏན་ནས་བྱེད་ཀྱི་མེད། ཨ་རིར་འགྲན་སློང་དང་ཨ་རིའི་ཚབ་མི་བྱེད་པར་གདེང་ཚོད་སྒོ་དབྱེ་དང་འཕེལ་རྒྱས་དར་རྒྱས་ཀྱི་ཨ་རི་ཞིག་མཐོང་འདོད་ཡོད། དེ་དང་ཆབས་ཅིག ཨ་རིས་ཀྱང་ཀྲུང་གོ་ཕམ་འདོད་གཏན་ནས་བྱེད་མི་རུང་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་རུང་བར། ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཀྲུང་གོར་དགའ་བསུ་ཞུ་དགོས་ངེས་རེད།

    མཉམ་ལས་གཉིས་ཕན་ནི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཞིག་རེད་ལ། ཀྲུང་ཨའི་འབྲེལ་བར་ལྡན་དགོས་པའི་རྨང་གཞི་ཞིག་ཀྱང་རེད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོལ་བཞིན་ཡོད་ལ། ཨ་རིས་ཀྱང་དཔལ་འབྱོར་དར་རྒྱས་ལ་ཤུགས་རྒྱག་བཞིན་ཡོད། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་རྒྱ་ཆེ་བས། ཕན་ཚུན་ཕན་འདོགས་རེས་དང་གཉིས་ཁེ་གཉིས་ཕན་ཡོང་ཐུབ་ངེས་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། མི་ཆོས་རིག་གནས། སློབ་གསོ། ཚན་རྩལ། ཞིང་ལས། དམག་དཔུང་། ཁྲིམས་སྒྱུར། དུག་འགོག མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་རྒྱ་ཆེར་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱའི་རིང་འཚོལ་ཞིབ་དང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་ལ་འཚམ་པའི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་གཞོལ་ནས་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་དང་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ང་ཚོས་ཐུན་མོང་འབྱོར་ཕྱུག་ལ་ཤུགས་བརྒྱབ་ནས་ཀྲུང་གོ་བ་ཚང་མ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱེད་བཞིན་ཡོད། ང་ཚོས་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་ཤུགས་བརྒྱབ་ནས་མི་རྣམས་ཀྱི་དངོས་པོའི་འཇིག་རྟེན་དང་བསམ་པའི་འཇིག་རྟེན་གཉིས་ཀ་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་ཀྱི་ཡོད། ང་ཚོས་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་བརྒྱབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་ཀྱི་ཡོད། ང་ཚོས་ཞི་བདེ་འཕེལ་རྒྱས་ལ་ཤུགས་བརྒྱབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70ལྷག་ཙམ་སོང་རིང་། ཀྲུང་གོས་རང་འགུལ་ངང་དམག་འཁྲུག་དང་གདོང་ཐུག་གཅིག་ཀྱང་སློང་མྱོང་མེད་ལ་རྒྱལ་ཁབ་གཞན་གྱི་ས་ཆ་སྦར་མཐིལ་ཙམ་ཡང་བཙན་བཟུང་བྱེད་མྱོང་མེད། ཀྲུང་གོ་ནི་ཞི་བདེ་འཕེལ་རྒྱས་རྩ་ཁྲིམས་དང་སྲིད་འཛིན་ཏང་གི་སྒྲིག་ཡིག་ནང་བཅུག་ནས་རྒྱལ་ཁབ་ཀྱི་འདོད་འདུན་དུ་བརྩི་མཁན་རྒྱལ་ཁབ་ཆེན་པོ་འབའ་ཞིག་དེ་ཡིན། ཀྲུང་གོས་སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པ་མཐའ་འཁྱོངས་ཀྱིས། མཉམ་ལས་གཉིས་ཕན་དང་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་གྱི་ཡོད། ཀྲུང་གོས་དོན་གཉེར་བྱེད་པ་ནི་ཐབས་མཁས་རང་སྲུང་གི་དེང་རབས་ཅན་མིན་པར་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་སྲེག་བཅད་བརྡར་གསུམ་བྱས་ཚེ་མཐར་རིན་ཐང་ཆེ་ཤོས་ཀྱི་དངོས་པོར་འགྱུར་ཐུབ། དུས་བབ་ཇི་ལྟར་འགྱུར་ལྡོག་ཕྱིན་ཡང་། ཀྲུང་ཨའི་ཞི་བདེ་མཉམ་གནས་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་ལ་འགྱུར་བ་འགྲོ་མི་སྲིད་པ་དང་། ཀྲུང་ཨའི་མི་དམངས་ཀྱི་སྤེལ་རེས་མཉམ་ལས་ཀྱི་རྩ་བའི་རེ་འདུན་ལ་འགྱུར་བ་འགྲོ་མི་སྲིད་པ། ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་འཛམ་གླིང་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་ལ་འགྱུར་བ་འགྲོ་མི་སྲིད། བྱ་གཞག་རླབས་པོ་ཆེ་གང་ཞིག་ཡིན་རུང་ལེགས་གྲུབ་བྱུང་དགོས་ན་ངེས་པར་དུ་མི་དམངས་ཁྲོད་ནས་རྨང་གཞི་འདིང་བ་དང་། མི་དམངས་ཁྲོད་ནས་སྟོབས་ཤུགས་སྒྲིལ་བ། མི་དམངས་ཀྱིས་ཐུན་མོང་ཐོག་ལེགས་སྒྲུབ་བཅས་བྱེད་དགོས། ཀྲུང་ཨའི་མཛའ་གྲོགས་ནི་འདི་ལྟ་བུའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཨའི་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་ཀྱིས་ཀྲུང་ཨའི་འབྲེལ་བར་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཉན་མཁན་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཡང་ཞུས་པ་རེད།

    ཨ་རིའི་ཚོང་དོན་པུའུ་ཀྲང་ལེ་མོང་ཏུའོ་ཡིས་ཨ་རི་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་ཆབས་ཅིག ཁོང་གིས་བརྗོད་དོན། དེ་རིང་། ཙུང་ཐུང་པའེ་ཀྲེན་དང་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་སྒོ་དབྱེ་དང་། ལྷག་བསམ་ཟོལ་མེད། གྲུབ་འབྲས་གཡུར་དུ་ཟ་བ་བཅས་ཀྱི་ཞལ་འཛོམས་གནང་ཡོད། ཙུང་ཐུང་པའེ་ཀྲེན་གྱིས་གསུངས་པ་ཇི་བཞིན། ཨ་རིས་བརྟན་ལྷིང་དང་དར་རྒྱས་ཀྱི་ཀྲུང་གོར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཨ་རིར་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད། ཨ་རིའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཡུན་རིང་གི་འབྲེལ་བ་བརྟན་པོ་འཕེལ་རྒྱས་བཏང་ནས་འབྲེལ་མཐུད་དང་གླེང་མོལ་ལ་ཤུགས་སྣོན་དང་། གོ་ནོར་དང་བརྡར་ཤ་གཅོད་ནོར་མི་ཤོར་བ་བྱས་ནས། འགན་འཁྲི་ཁུར་ནས་མི་མཐུན་ས་དོ་དམ་ཚོད་འཛིན་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་རྒྱུར་ཤུགས་རྒྱག་གི་ཡོད།

    ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ལྷན་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་པོ་ཀེ་དང་། ཨ་ཀྲུང་ཚོང་དོན་ཨུ་ལྷན་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ཧྲི་པོ། ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ལྷན་གྱི་ཚོགས་གཙོ་ཨོ་ལུན་སི་སོགས་ཀྱིས་ཀྱང་ཤིས་ཚིག་བསྒྲོན་ཞིང་། ཁོང་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཀྲེན་རྣམ་གཉིས་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གལ་ཆེན་གནང་ནས་ཨ་རིའི་མི་དམངས་ལ་གསུང་བཤད་གལ་ཆེན་གནང་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། ཧ་ལམ་མི་དུང་ཕྱུར་གཅིག་ཙམ་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་བྱུང་སྟེ། ཀྲུང་གོ་དེ་ཉིད་མིང་དོན་མཚུངས་པའི་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོར་གྱུར་ཡོད། ཨ་ཀྲུང་དབར་ལོ་རྒྱུས་དང་། རིག་གནས། སྒྲིག་སྲོལ་སོགས་ཀྱི་ཐད་ཧེ་བག་ཡོད་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་དང་ལྷག་པར་དུ་མི་དམངས་དབར་མཛའ་བརྩེ་ཟབ་མོ་ལྡན་པ་འདི་ནི་ཨ་ཀྲུང་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གལ་ཆེན་གཉིས་ཡིན་པའི་ཆ་ནས། ཨ་ཀྲུང་གཉིས་ཀྱིས་གླེང་མོལ་དང་མཉམ་ལས་མཐའ་འཁྱོངས་བྱེད་པ་ནི་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་རྒྱུས་མངའ་ལོན་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཨ་ཀྲུང་འབྲེལ་བ་ཡག་ཏུ་འགྲོ་བ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།