བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུར་བསྐྱོད་པ།
ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་ཐེངས་གཉིས་ལ་ཞུགས་པ། བོད་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ། བོད་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པར་ཕེབས་ཏེ་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
དེང་གི་གངས་ལྗོངས་ས་མཐོར་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་བྱུང་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཞིག་མངོན་བཞིན་ཡོད། བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་བསླེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་དུ་བསྐྱོད་ཡོད།
དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ཁ་གཏད་བོད་སྐྱོར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། བོད་ཀྱིས་ལྗོངས་བབ་ལ་གཞི་ཚུགས་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་རྩ་དོན་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས། ཉེན་ཁ་སྣ་ཚོགས་ནུས་ལྡན་སེལ་བ་བཅས་བྱས་པས། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ནས་དཔལ་འབྱོར་འཕེལ་རྒྱས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་འཕེལ་ཡོད།
ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་འཕེལ་རྒྱས་གཏོང་སྟངས“གཞན་བརྟེན”ནས“རང་བརྟེན”དུ་རིམ་བཞིན་ཕྱོགས་སྒྱུར་རིམ་སྤོར་བྱུང་སྟེ། ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་དང་། དེང་རབས་ཞབས་ཞུའི་ལས་རིགས། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ཐོན་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས། མཐོ་གསར་གྲངས་འཛིན་ཐོན་ལས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ལས་རིགས་སོགས་ཐོན་ལས་ཀྱིས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་རྟགས་སྟོབས་ཆེར་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་ལ་ཤུགས་སྣོན་བརྒྱབ་པས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། ལག་རྩལ་འདུས་ཚད་མཐོ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། “ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ”སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆ་རྐྱེན་ལེགས་སུ་ཕྱིན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་པ་དང་། རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་1105ཟིན་པ། ལྕགས་ལམ་གཉེར་སྐྱོང་གི་ལམ་ཚད་སྤྱི་ལེ་1359ཟིན་པ། ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ། ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། “བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་པ་བཅས་བྱུང་བ་དང་། འཕྲིན་གཏོང་གི་ཆུ་ཚད་ཐད“ནུས་པ་རྗེས་སུ་ལུས་པ”ནས“སྤྲིན་ཚོམ་དྲ་རྒྱ་མཉམ་འདྲེས”བར་གྱི་མཆོང་སྐྱོད་དང་གོང་མཐོར་ཕྱིན་ཏེ། ཇོ་མོ་གླང་མའི་རྩེ་མོ་ནས་འབྲི་ཆུའི་ངོགས་བར་དང་། བྱང་རྩྭ་ཐང་ནས་མཐའ་མཚམས་ཀྱི་གྲོང་ཚོ་དང་གྲོང་རྡལ་བར་དེང་རབས་འཕྲིན་གཏོང་གིས་བོད་ཀྱི་མི་སེར་དཀྱུས་མའི་ཁྱིམ་ཚང་དང་འཛམ་གླིང་འབྲེལ་མཐུད་ཐུབ་ཡོད། ད་ཆ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས“རྗེས་ལུས”ནས“མཉམ་སྐྱོད”བར་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་མཉམ་དུ་འགོ་འཛུགས་ས་གཅིག་ཏུ་སླེབས་པས། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དང་། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་བཅས་སྔར་འབྱུང་མྱོང་མེད་པ་ཞིག་རེད།
དམངས་འཚོ་འགན་ལེན་ལེགས་བཅོས་ཆེན་པོ་བྱུང་བ། དམངས་འཚོ་ནི་ཆབ་སྲིད་ཆེ་ཤོས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་ནས་ཤང་དང་གྲོང་རྡལ་གྱི་ལས་ཤག་དང་། ལས་ཀའི་དྲོད་ཁང་། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་བྱས་པའི་བར་དང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བརྟན་པོ་བསྟར་བ་ནས་སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་བའི་བར། བོད་ཀྱིས་དམངས་འཚོ་སྔོན་ལ་འཇོག་པ་དང་དམངས་འཚོའི་ལས་དོན་སྔོན་ལ་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་ཏན་ཏིག་བསྒྲུབས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད། དེ་སྔ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་གི་ངོས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་འོག་རིམ་ཁག་སྡེ་ཚན་ཁག་དང་མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་པ་བརྒྱུད། བོད་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རིམ་རྩིས་བྱས་ན་ཁྲི་85ཉུང་དུ་ཕྱིན་པ་དང་། ལོ་རེར་ཆ་སྙོམས་དབུལ་པོ་ཁྲི་10.6ཉུང་དུ་ཕྱིན་པ། དབུལ་པོར་འགྱུར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་གྲངས་4.4ཆག་པ། ལོ་རེར་ཆ་སྙོམས་དབུལ་པོ་ཉུང་དུ་གཏོང་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་བརྒྱ་ཆའི་གྲངས་3.1གིས་མགྱོགས་པ་ཡོད་པ་རེད། 2019ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་ནས་ལོ་གཅིག་གི་སྔ་སྣུར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ནི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། འགོ་ཡག་པོ་ཞིག་བཙུགས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། བོད་ཀྱི་གྲོང་མིའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཡོང་འབབ་ཡོང་ཁུངས་ཉིན་བཞིན་སྣ་མང་དུ་ཕྱིན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་48753དང་སྒོར་18209ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཟའ་བཅའ་དང་། ཐ་མག་དང་ཆང་རག གྱོན་ཆས་བཅས་ཀྱི་འཛད་སྤྱོད་བསྡུར་ཚད་ཟམ་མི་ཆད་པར་ཆག་པ་དང་། སྡོད་གནས་དང་། འགྲིམ་འགྲུལ་འཕྲིན་གཏོང་། སློབ་གསོ་རིག་གནས་རོལ་རྩེད། སྨན་བཅོས་འཕྲོད་སྦྱོར་བཅས་ཀྱི་འཛད་སྤྱོད་ཀྱི་འགྲོ་གྲོན་བསྡུར་ཚད་མུ་མཐུད་འཕར་ནས། འཛད་སྤྱོད་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་འཛད་སྤྱོད་ཀྱི་རིམ་པ་སྤོར་བའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད། སློབ་གསོ་སྨན་བཅོས་དང་། སྡོད་ཁང་ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཏན་ཏིག་བཏང་སྟེ། དམངས་འཚོའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་དང་། དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ། རེ་འདོད་སྔར་བས་མང་བ་མངོན་འགྱུར་བྱུང་བ་བཅས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ནང་བསམ་པའི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི“བདེ་སྐྱིད་རོལ་དབྱངས”དཀྲོལ་བཞིན་མཆིས།
མི་རིགས་མཐུན་སྒྲིལ་སྔར་བས་དམ་ཟབ་ཏུ་སོང་བ། མི་རིགས་མཐུན་སྒྲིལ་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་དུ་བསྐྱོད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་དང་ལག་བསྟར་དོན་འཁྱོལ་གནད་འཁེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་སྔར་བས་མཐོན་པོར་གྲགས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། དམག་སྒར། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་སོགས་ཀྱི་སློབ་གསོའི་ནང་དོན་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་དང་མཉམ་འདྲེས་བྱས་པ་དང་རྒྱལ་དམངས་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་བཅུག་སྟེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་དང་ཁྱབ་གདལ་བེད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། སློབ་ཁང་དུ་སློབ་ཁྲིད་དང་། གཅིག་སྡུད་སྒྲོག་འགྲེལ། སྨྱན་སྦྱོར་དྲིལ་བསྒྲགས། རིག་རྩལ་འཁྲབ་སྟོན། བོད་གསར་རྙིང་བསྡུར་བ། ལྟ་སྐོར་སློབ་སྦྱོང་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་རེ་ཞུ་དང་མིང་བཏགས་པ། རྒྱལ་ཡོངས་དང་དེ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར་མིང་འདོན་དཔྱད་འདེམས་བྱས་པ་སོགས་ཀྱི་བྱ་ཐབས་བརྒྱུད་དཔེ་མཚོན་བཏོད་པས། ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ལྕང་ལོ་ཁང་གསར་གྲོང་ལྷན་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁག་གཅིག་ཐོན་ནས། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་དུས་རབས་ཀྱི་ཁྱད་ཆོས་ཤིག་ཆགས་ཡོད། ཕན་ཚུན་རྒྱན་དུ་འགྱུར་བ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་འཛུགས་པར་དམིགས་ཏེ་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར་ཞབས་ཞུ་དོ་དམ་གྱི་ལས་ཀའི་ལམ་སྲོལ་བཙུགས་ཡོད། སྡེ་ཁུལ་གྱི་གྲོང་མིའི་མི་རིགས་ཀྱི་གྲུབ་ཆ་སྣ་མང་ཡིན་པ་དང་ཕན་ཚུན་རྒྱན་དུ་འགྱུར་བ་ལྟ་བུའི་སྡོད་གནས་ཀྱི་རྣམ་པ་ལས་ཐུན་མོང་དུ་ཐོན་སྐྱེད་དང་འཚོ་བ་དང་། ལས་དོན་དང་སློབ་སྦྱོང་བཅས་བྱེད་རིང་མི་རིགས་ཁག་ཇི་ཙམ་གཤིབས་པ་དེ་ཙམ་གྱིས་སྙིང་ཉེ་བར་གྱུར་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རྣམ་པར་བཞད་ཡོད།
སྐྱེ་ཁམས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་སོང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱག་ཀླུང་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་པོ་བསྐྲུན་པ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་འཁྱག་པ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་སྤྱི་འདོམས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་གི་རང་མདངས་དང་སྤུས་ཚད་མཐོ་རུ་བཏང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག》དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་ཀྱི་ལག་བསྟར་བསམ་འཆར་བཏོན་པ་དང་ཆབས་ཅིག་ལག་ལེན་བསྟར་ནས། ནགས་ཚལ་དང་། འདམ་ར། རྩྭ་ཐང་། རི་སྐྱེས་སྲོག་ཆགས་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཡན་ཟིན་པ། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་ཡོད། “ཡང་རྩེའི་ལས་འགན”གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱིས་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པ་དང་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། སྐྱེ་ཁམས་ཁ་གསབ་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་དམངས་ཕན་གྱི་ནུས་པ་རྒྱུན་མཐུད་ཐོན་ཞིང་། 2016ལོ་ནས་བཟུང་ལོ་རེར་ཆ་སྙོམས་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་ཁྲི་50ལྷག་ཙམ་མཁོ་འདོན་བྱས་པ་དང་། ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500ཡན་ཟིན་པ། རི་སྔོ་ཆུ་དྭངས་མང་ཚོགས་ཁྱིམ་གྱི་སྒོ་རྩའི“ལྗང་མདོག་གི་ཡོང་འབབ་ཡོང་ཁུངས”སུ་གྱུར་ཡོད། ད་ཆ་ས་མཐོར་སྲོག་ཆགས་དང་རྩི་ཤིང་འཚོ་གནས་བྱེད་པའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་བརྟན་པོ་འཕར་བ། རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁྱབ་ཁོངས་སུ་བཅུག་པ། གཙང་པོ་དང་མཚོ་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་པ་བཅས་བོད་ལྗོངས་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
དུས་རབས་གསར་པར་བོད་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བསྡུས་རིས་ཤིག་རེད། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་ཚེ། བོད་ལ་གཞི་ནས་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་ལག་ལེན་དངོས་ལས་ར་སྤྲོད་གསལ་པོ་བྱུང་ཡོད།
རྒྱང་ལམ་གསར་པར་མདུན་སྐྱོད་ཀྱི་དུང་བརྡ་གྲགས་ཟིན། མིག་སྔར་བོད་ལྗོངས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པར་དམིགས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་རྒྱང་ལམ་དུ་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་དགོས།
(རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཡིན་པ)